དཔེ་ཆར་བལྟས་རྗེས་རང་གི་ལུང་པར་སངས་རྒྱས་བསྟན་པ་ཚུགས་ཐུབ་དགོས།
ཟླ་འདིའི་ཚེས་༩ ཉིན་གྱི་སྔ་དྲོ་རྡོར་གདན་མཆོད་རྟེན་ཉེ་འགྲམ་དུ་གསར་དུ་བཞེངས་པའི་སོག་ཡུལ་གྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་དབུས་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ཡན་ལག་པ་ཐཱ་ཚ་གཱང་ལྷ་ཁང་༧གོང་ས་མཆོག་གིས་དབུ་འབྱེད་གནང་ཡོད་པ་རེད།
ཉིན་དེར་༧གོང་ས་མཆོག་དགོན་པའི་མཁན་པོས་དབུས་སེར་སྐྱ་མི་མང་གིས་ཕེབས་བསུ་ཞུས་ཏེ། བཞུགས་ཁྲིར་ཞབས་སོར་འཁོད་པ་དང་། དགོན་པའི་མཁན་པོས་ལྷ་ཁང་ངོ་སྤྲོད་དང་སོག་ཡུལ་དུ་བསྟན་པ་ཉམས་ཆག་སོང་བ་དང་། རྗེས་སུ་བསྐྱར་གསོའི་སྐོར་དང་འབྲེལ་བའི་གསུང་བཤད་མདོར་བསྡུས་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་བོད་སོག་བར་ལོ་སྟོང་ཕྲག་ཁ་ཤས་རིང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་སྐོར་དང་། སངས་རྒྱས་ཆོས་ལུགས་མ་དར་སྔོན་ནས་ས་མཚམས་ཀྱི་འབྲེལ་བ་དང་རིག་གཞུང་གི་འབྲེལ་བ་ཡོད་སྐོར་གསུངས་སོང་། ༧གོང་ས་མཆོག་གིས། “སངས་རྒྱས་པའི་ཆོས་དར་ཚར་བའི་རྗེས་ཚོང་གི་འབྲེལ་བ་མ་ཡིན་པར་དད་པ་དང་དམ་ཚིག་གི་འབྲེལ་བ་དེ་དམིགས་བསལ་རེད། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས། ཏཱ་ལའི་བླ་མ་ཞེས་པའི་མིང་དེ་དེའི་སྐབས་ཐོག་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་རེད། སྐུ་མདུན་སྐུ་གོང་མ་བོད་ལ་རྐྱེན་ངན་འཕྲད་ནས་རྒྱ་སོགས་སུ་ཕེབས་ཏེ། སོག་ཡུལ་དུ་རྒྱུན་རིང་བཞུགས་པ་རེད་”ཅེས་གསུངས་སོང་།
དེ་བཞིན་༧གོང་ས་མཆོག་གིས་སོག་པོའི་གྲྭ་པ་མང་པོ་བོད་ཀྱི་སེ་འབྲས་དགའ་གསུམ་དུ་སློབ་གཉེར་ལ་ཡོང་ནས་མཁས་པ་མང་པོ་བྱུང་ཡོད་སྐོར་དང་འབྲེལ། “བར་ལམ་སོག་པོར་བསྟན་པ་ཉམས་ཆག་ཞེ་དྲག་ཕྱིན་པ་རེད་ལ། ད་ལྟ་སོག་པོར་རང་དབང་ཐོབ་ནས་བསྟན་པ་སླར་གསོའི་གོ་སྐབས་བྱུང་བ་རེད། ཁྱེད་རང་ཚོ་དད་པ་རྩེ་གཅིག་རེད་འདུག་”ཅེས་རྡོ་རྗེ་གདན་དེ་ནང་པའི་གནས་རྩ་ཆེན་པོ་ཡིན་སྐོར་དང་སྔོན་རྒྱ་གར་གྱི་པཎ་གྲུབ་མང་པོས་བྱིན་གྱིས་བརླབས་ཡོད་སྐོར་གསུངས་སོང་།
༧གོང་ས་མཆོག་གིས་ལྷ་ཁང་སྒོ་འབྱེད་དང་འབྲེལ་ནས་གསུང་དོན། “རྡོ་རྗེ་གདན་དུ་ཐའེ་ལན་ཌི་དང་། ཝེ་ཏི་ནམ། རྒྱ་མིའི་དགོན་པ་སོགས་ནང་པའི་ཡུལ་གྲུ་ཁག་གི་དགོན་པ་ཡོད་རེད། ཁྱེད་རང་ཚོ་སོག་པོའི་དགོན་པ་ཞིག་ཡོད་དགོས་པ་རྒྱུ་མཚན་ལྡན་པ་རེད་ལ། དེ་རིང་ལྷ་ཁང་སྒོ་འབྱེད་བྱེད་རྒྱུའི་གོ་སྐབས་བྱུང་བ་ཞེ་དྲག་ཡག་པོ་བྱུང་འདུག་”ཅེས་གསུངས་པ་དང་། “ད་ལྟ་སོག་ཡུལ་ལ་རང་དབང་ཐོབ་སྟེ། ནང་ཆོས་སླར་གསོ་བྱེད་རྒྱུར་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་ཡོད་པ་གཅིག་པུས་ནང་ཆོས་བསྐྱར་གསོ་ལ་ཕལ་ཆེར་གོ་ཐུབ་ཀྱི་མ་རེད་”ཅེས་ཆོས་ལ་སློབ་གཉེར་དང་ཐོས་བསམ་དགོས་སྐོར་གྱི་ལམ་སྟོན་བཀའ་སློབ་གནང་སོང་།
ད་ལྟ་རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་གི་ནང་སོག་པོའི་གྲྭ་པ་ཡོད་སྐོར་དང་འབྲེལ་ནས་༧གོང་ས་མཆོག་གིས་གསུང་དོན། “སྒོ་མང་གྲྭ་ཚང་དང་བྱེས་པ་གྲྭ་ཚང་ནས་མཐུན་རྐྱེན་སྦྱོར་རྒྱུ་དེ་ང་ཚོ་བཙན་བྱོལ་བ་ཡིན་པས་ཞེ་དྲག་ཡོད་པ་མ་རེད་དེ། གང་ཡོད་པ་དེ་མཉམ་ཟ་མཉམ་འཐུང་བྱས་བསྡད་ཡོད་པ་རེད། གྲྭ་ས་ནས་དཔེ་ཆར་ལྟ་མཁན་ཚོས་ཤུགས་རྒྱག་དགོས་རེད། དཔེ་ཆར་བལྟས་རྗེས་རང་གི་ལུང་པར་སངས་རྒྱས་ཀྱི་ལུང་རྟོགས་བསྟན་པ་ཡག་པོ་ཞིག་ཚུགས་ཐུབ་པར་ཁུར་ལེན་དགོས་རེད་ལ། ཁྱེད་རང་ཚོའི་སྐབས་བབས་ཀྱི་འགན་ཆགས་བསྡད་ཡོད་རེད། སོག་ཡུལ་གྱི་མཁན་པོ་བླ་མས་དབུ་མཛད་དེ་དགོན་པའི་ལས་སྣེ་བ་ཚོས་འདི་ནས་སློབ་གཉེར་ཐོན་མཁན་ཚོར་དཔེ་ཁྲིད་ཀྱི་གོ་སྐབས་ཡོད་པ་དང་། སྡོད་ས་དེ་ཚོའི་མཐུན་རྐྱེན་སྦྱར་དགོས་པ་གལ་ཆེན་པོ་རེད། རྒྱ་གར་ནས་སློབ་གཉེར་བྱས་ནས་རིམ་པས་དགེ་བཤེས་བྱུང་སྐབས་ཕར་བརྟན་པའི་ཞབས་འདེགས་བློ་གཅིག་ཏུ་བསྒྲུབ་ཐུབ་པར་བསམ་བློ་གཏོང་དགོས་རེད། དེ་མིན་འདིར་སློབ་གཉེར་བྱས། ཕར་སླེབས་དུས་ག་ལེར་འཇའ་ཡལ་བ་ལྟར་གྱུར་ན་དགོས་པ་ཡོད་མ་རེད་”ཅེས་བཀའ་སློབ་གནང་སོང་།
ལོ་འདིར་༧གོང་ས་མཆོག་གི་དུས་དབང་ཞུ་མཁན་རུ་སོག་དང་ཁལ་མིག་སོགས་སོག་རིགས་བསྡོམས་པའི་ཉིས་སྟོང་ཙམ་ཡོང་ཡོད་པ་དང་། དུས་རྒྱུན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་སེར་བྱེས་གཙོས་བཙན་བྱོལ་ནང་གི་དགོན་སྡེ་ཁག་ཏུ་སོག་པོའི་གྲྭ་བཙུན་སློབ་གཉེར་བ་མང་པོ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོ་རྗེ་གདན་ནས།