དབྱིན་ཡུལ་གྱི་སྲིད་བློན་འཕོ་འགྱུར་བཏང་ཐུབ་མེད་པར་ཡུག་ཀེ་རན་གྱིས་དགའ་བསུ་ཞུས་འདུག
ཉེ་ཆར་དབྱིན་ཡུལ་གྱི་སྲིད་བློན་བྷེ་རཱེ་སེ་རྗོན་སོན་གྱི་ནོར་འཁྲུལ་ལ་བརྟེན་ནས། གཞུང་འཛིན་སྲིད་དོན་ཚོགས་པས་ཁོང་འཕོ་འགྱུར་གཏོང་དགོས་མིན་གྱི་འོས་བསྡུ་བྱས་ནས། ཁོང་འཕོ་འགྱུར་བཏང་ཐུབ་མེད་པས། གྲུབ་དོན་དེ་ལ་ཡུག་ཀེ་རན་སྲིད་འཛིན་གྱིས་དགའ་བསུ་ཞུས་འདུག
ཟླ་༦ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་དབྱིན་ཡུལ་གྱི་སྲིད་བློན་བྷོ་རཱེ་སེ་རྗོན་སོན་གྱིས་ཏོག་དབྱིབས་ནད་དུག་གི་དུས་སྐབས་སུ། རང་ཉིད་སྲིད་བློན་ཡིན་བཞིན་དུ་བཀག་རྒྱ་ཁག་ལ་རྩིས་མེད་ཀྱིས་སྲིད་བློན་གྱི་བཞུགས་གནས་སུ་ཐུགས་སྤྲོ་བཏང་ནས། ཉེན་རྟོག་པས་སྲིད་བློན་ཁོང་དང་ལས་བྱེད་མང་པོ་ཞིག་ལ་དཔལ་འབྱོར་ཉེས་ཆད་མི་འདྲ་བ་༡༢༣ བཏང་བའི་གནས་ཚུལ་ཕྱིར་ཐོན་རྗེས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁོང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པས། ཁོང་གིས་ནོར་འཁྲུལ་ཁས་ལེན་གྱིས་དགོངས་སེལ་ཞུས་ཡོད་ཀྱང་། གཞུང་འཛིན་རྙིང་ཞེན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས། སྲིད་བློན་ཁོང་གི་བྱ་སྤྱོད་དེ་ལ་བརྟེན་ནས་མི་མང་གིས་ཁོང་ལ་གདེང་ཚོད་དང་ཡིད་ཆེས་བརླག་ཡོད་པས། སྲིད་དོན་ཚོགས་པའི་འགོ་ཁྲིད་ནས་འཕོ་འགྱུར་དང་དེ་ལ་བརྟེན་ནས་སྲིད་བློན་ལས་གནས་ནས་འཕོ་འགྱུར་གཏོང་དགོས་མིན་གྱི་འོས་བསྡུ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཁར། ཁག་ཅིག་གིས་སྲིད་བློན་ཁོང་གིས་བཟང་སྤྱོད་ཐོག་ནས་རྩ་དགོངས་ཞུ་དགོས་སྐོར་བརྗོད་ཡོད་པ་རེད་འདུག
ཕྱིས་སུ་གཞུང་འཛིན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་བློན་ཁོང་མུ་མཐུད་ནས་སྲིད་བློན་ལས་གནས་སུ་འཇོག་མིན་གྱི་འོས་བསྡུ་བྱས་ཏེ། གྲུབ་དོན་དུ་གྲོས་ཚོགས་འཐུས་མི་༡༤༨ ཀྱིས་ཁོང་འཕོ་འགྱུར་གཏོང་བར་རྒྱབ་སྐྱོར་བྱས་ཡོད་པ་དང་། གྲོས་ཚོགས་འཐུས་མི་༢༡༡ ཀྱིས་ཁོང་འཕོ་འགྱུར་གཏོང་རྒྱུར་དགག་བྱ་བྱས་པས། ཁོང་གིས་སྲིད་བློན་གྱི་ལས་གནས་ཉར་སྲུང་བྱེད་ཐུབ་ཡོད་པ་རེད།
དབྱིན་ཡུལ་ནི་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱེད་འགོ་བཙུགས་དུས། ཨུ་རུ་སུར་སྐྱོན་བརྗོད་དང་དཔལ་འབྱོར་ཉེས་ཆད་གཏོང་མཁན། དེ་བཞིན་ཡུག་ཀེ་རན་ལ་མཚོན་ཆ་མཁོ་སྤྲོད་བྱེད་མཁན་ཐོག་མའི་གྲས་སུ་ཡོད་པས། ཟླ་༤ པའི་ནང་སྲིད་བློན་ཁོང་དངོས་སུ་ཡུག་ཀེ་རན་གྱི་རྒྱལ་ས་ཀཱི་ཝེ་ལ་ཕྱིན་ནས། རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པས། ཐེངས་འདིར་སྲིད་བློན་ཁོང་གིས་ལས་གནས་ཉར་སྲུང་བྱེད་ཐུབ་པ་དང་འབྲེལ་ནས། ཡུག་ཀེ་རན་གྱི་སྲིད་འཛིན་ཛཱེ་ལེན་སེ་ཀཱི་ཡིས་དགའ་ཚོར་ཆེན་པོ་བྱུང་བ་དང་། སྲིད་བློན་ཁོང་ནི་ཡུག་ཀེ་རན་རྒྱལ་ཁབ་ཀྱི་མཐུན་གྲོགས་བཟང་པོ་དང་གལ་ཆེན་ཞིག་ཡིན་པས། ཁོང་མུ་མཐུད་ནས་སྲིད་བློན་བྱེད་རྒྱུ་བྱུང་བ་དེ་ནི་གནས་ཚུལ་བཟང་པོ་ཞིག་ཡིན་སྐོར་བརྗོད་འདུག
གཞུང་འཛིན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། ཨུ་རུ་སུས་ཡུག་ཀེ་རན་ནང་བཙན་འཛུལ་བྱེད་བཞིན་པའི་སྐབས་དེར། དབྱིན་ཡུལ་གྱི་འགོ་ཁྲིད་འཕོ་འགྱུར་གཏོང་བའི་དུས་སྐབས་ཤིག་མིན་སྐོར་བརྗོད་ནས། ཁོང་སྲིད་བློན་ལ་མུ་མཐུད་ནས་གནས་རྒྱུར་རྒྱབ་སྐྱོར་བྱས་ཡོད་འདུག མཐའ་མའི་གྲུབ་དོན་དུ་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་བརྒྱ་ཆ་༥༩ ཡིས་ཁོང་ལ་རྒྱབ་སྐྱོར་བྱས་འདུག་པས། སྲིད་བློན་ཁོང་གིས་གྲུབ་དོན་དེ་ནི་གལ་ཆེན་ཞིག་ཡིན་སྐོར་བརྗོད་འདུག་ཀྱང་། ཁོང་ལ་དགག་བྱ་བྱེད་མཁན་དང་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོས། རྒྱབ་སྐྱོར་གྱི་ཚད་གཞི་དེ་ནི་དམའ་བོ་ཡིན་པས། ཁོང་གི་སྲིད་དབང་དུས་ཡུན་རྫོགས་ལ་ཉེ་བ་ཡིན་སྐོར་བརྗོད་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།