དབྱིན་ཡུལ་མི་མང་གིས་ཊོམ་ལ་ངོ་རྒོལ་བྱས་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་བྱུས་དང་ལངས་ཕྱོགས་མང་པོ་ཞིག་ལ་རྒྱལ་སྤྱིའི་ནང་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་ཡོད་པ་ལྟར། དབྱིན་ཡུལ་ནང་དུ་ཁོང་གི་སྐོར་བསྐྱོད་སྐབས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་ལྟར། ཐེངས་འདིར་ཡང་ངོ་རྒོལ་ལས་འགུལ་སྤེལ་འདུག་ཀྱང་། ཁོང་གིས་ངོ་རྒོལ་སྤེལ་མཁན་མི་མང་ཉུང་ཉུང་མ་གཏོགས་མཐོང་མ་སོང་བས། དེ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཆེད་དུ་ཡིན་སྐོར་བརྗོད་ནས། ཁོང་ལ་དགའ་བསུ་མི་བྱེད་མཁན་མང་པོ་ཡོད་པ་ཁས་ལེན་བྱས་མི་འདུག

ཟླ་༦ པའི་ཚེས་༤ ཉིན་ཨ་རིའི་སྲིད་འཛིན་ཊོམ་དབྱིན་ཡུལ་དུ་སྐོར་བསྐྱོད་སླེབས་པའི་ཉིན་གཉིས་པ་ཡིན་པ་ལྟར། ཁོང་དང་དབྱིན་ཡུལ་སྲིད་བློན་ལྕམ་ཐེ་རི་ས་མཱེ་གཉིས་གཙོས་པས་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་མི་སྣ་ཁག་བར་ཚོགས་འདུ་འཚོགས་ཡོད་པ་དང་། དེ་རྗེས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་འཚོགས་བྱས་ཡོད་པ་རེད། དེ་ཡང་སྲིད་འཛིན་ཊོམ་གྱི་སྐོར་བསྐྱོད་དང་བསྟུན་ནས། རྒྱལ་ས་ལོན་ཊོན་ཏུ་མི་མང་སྟོང་ཕྲག་མང་པོས་སྲིད་འཛིན་ཊོམ་གྱིས་མི་རིགས་དབྱེ་འབྱེད་དང་། མི་རིགས་དཀར་པོའི་རིང་ལུགས་ལྟ་མཁྲེགས་ཀྱི་ལྟ་བ། སྐྱབས་བཅོལ་བ་བཀག་འགོག་སོགས་ཀྱི་སྲིད་བྱུས་ལ་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག་པ་དང་། ལས་འགུལ་སྐབས་སུ་སྔ་ལོའི་ཟླ་༧ པའི་ནང་ཊོམ་གྱི་སྐོར་བསྐྱོད་སྐབས་སུ། མ་འབྱར་ཊོམ་ཞེས་པའི་ལྒང་ཕུག་གིས་བཟོས་པའི་ཊོམ་གྱི་འདྲ་གཟུགས་ཆབ་གནད་གྱོན་པ་དེ་གནམ་དུ་འགྲེམས་སྟོན་བྱས་ཡོད་ཁར། ཐེངས་འདིར་ཊོམ་གསེར་གྱི་གསང་སྤྱོད་རྐུབ་སྟེགས་ཐོག་ཏུ་བསྡད་ནས་ཁ་པར་བེད་སྤྱོད་བྱེད་བཞིན་པའི་འདྲ་གཟུགས་གསར་པ་ཞིག་ཀྱང་འགྲེམས་སྟོན་བྱས་ཏེ། ངོ་རྒོལ་བ་ཚོས་གོམ་བགྲོད་བྱས་ཏེ་དབྱིན་ཡུལ་གྱི་སྲིད་བློན་གྱི་སྡོད་ཁང་བར་ཕྱིན་ཡོད་འདུག སྐབས་དེར་དབྱིན་ཡུལ་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པའི་ཚོགས་གཙོ་ཁོར་བྷེན་ཡང་མཉམ་ཞུགས་བྱས་ཏེ། གཏམ་བཤད་ནང་དུ་ཊོམ་གྱི་སྐོར་བསྐྱོད་དེ་ནི། ཁོས་ཨ་རི་དང་དབྱིན་ཡུལ། དེ་བཞིན་རྒྱལ་སྤྱིའི་ནང་གནོད་འཚེ་གཏོང་ཡུལ་རྣམས་དང་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུའི་གོ་སྐབས་ཡིན་པ་དང་། མཉམ་ཞུགས་རྣམས་མི་རིགས་དང་ཆོས་ལུགས་འདྲ་མིན་ཡིན་པར་བསྔགས་བརྗོད་བྱས་ཡོད་འདུག དེ་བཞིན་ཁོང་གིས་དབྱིན་ཡུལ་གཞུང་གིས་ཊོམ་ལ་དགོང་དྲོའི་ཁ་ལག་གོ་སྒྲིག་བྱེད་རྒྱུ་དེར་འགྲོ་རྒྱུ་མིན་སྐོར་བརྗོད་འདུག

དེ་བཞིན་རྒྱལ་ས་ལོན་ཌོན་གྱི་སྤྱི་ཁྱབ་འཛིན་སྐྱོང་པ་དང་ཊོམ་གཉིས་བར་དེ་སྔོན་ནས་སྐྱོན་བརྗོད་བྱེད་རེས་བྱེད་ཀྱི་ཡོད་པ་ལྟར། ཁོང་གིས་ཉེ་ཆར་བཅར་འདྲིའི་ལེ་ཚན་ཞིག་གི་ཐོག་ཏུ། ཊོམ་ནི་རྒྱལ་སྤྱིའི་ནང་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་པའི་ལས་འགུལ་གྱི་མཚོན་དོན་ཡིན་སྐོར་བརྗོད་ཡོད་འདུག

ཉེ་བའི་ཆར་ནས་རྒྱལ་སྤྱིའི་ནང་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་མཁན་གྱི་སྲིད་དོན་མི་སྣ་ཚོར། འོ་མ་བཤོས་ནས་ངོ་རྒོལ་བྱེད་པའི་འགྲོས་ཤིག་དར་བཞིན་པ་ལྟར། ཐེངས་འདིར་ཊོམ་ལ་ཡང་དེ་ལྟར་བྱེད་རྒྱུའི་སྡིགས་བསྐུལ་བྱེད་མཁན་བྱུང་ཡོད་འདུག་ཀྱང་། སྲིད་འཛིན་ཊོམ་གྱི་བདེ་འཇགས་ཚད་གཞི་བརྟན་པོ་ཡོད་འདུག་པས། དེ་ལྟར་བྱེད་ཐུབ་རྒྱུ་ཁག་པོ་ཆགས་ཡོད་འདུག

ཐེངས་འདིར་ཊོམ་ལ་ངོ་རྒོལ་བྱེད་པར་དངོས་སུ་ཕྱི་ལ་ཐོན་མཁན་གྱི་ཁ་གྲངས་དེ་སྔོན་ལས་ཉུང་བ་ཡོད་འདུག་པ་དང་། དེ་ཡང་ལས་འགུལ་བ་ཁག་ཅིག་གིས་དབྱིན་ཡུལ་མི་མང་རྣམས་ལོ་ཤས་རིང་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་དོན་ལ་བརྟེན་ནས་ཐང་ཆད་ཡོད་སྐོར་བརྗོད་འདུག་ཀྱང་། དྲ་ཐོག་ཏུ་སྲིད་འཛིན་ཊོམ་གྱི་སྐོར་བསྐྱོད་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བའི་ཐོག རྒྱབ་སྐྱོར་གྱི་མིང་རྟགས་བཀོད་མཁན་མི་མང་ས་ཡ་༡.༩ མ་ཟིན་ཙམ་བྱུང་ཡོད་འདུག ངོ་རྒོལ་ལས་འགུལ་བ་ཁག་ཅིག་གིས་ཊོམ་ལ་ངོ་རྒོལ་དང་མཉམ་དུ། དབྱིན་ཡུལ་གྱི་གཞུང་འཛིན་རྙིང་ཞེན་སྲིད་དོན་ཚོགས་པ་དང་། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་ཐག་གཅོད་ལ་ངོ་རྒོལ་ཡང་བྱས་ཡོད་འདུག

སྲིད་འཛིན་ཊོམ་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ། དབྱིན་ཡུལ་མི་མང་གིས་ཁོང་ལ་མི་དགའ་བའི་རྣམ་འགྱུར་སྟོན་བཞིན་པ་དེར་ངོས་ལེན་མ་བྱས་པར། ངོ་རྒོལ་ལས་འགུལ་སྐོར་གོ་ཐོས་བྱུང་ཡང་། ངོ་རྒོལ་ལས་འགུལ་བ་ཉུང་ཉུང་ཁག་ཅིག་མཐོང་སོང་བས། དེ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་ཡིན་པ་ལས། བརྒྱུད་ལམ་ཁག་ཏུ་ངོ་རྒོལ་ལས་འགུལ་སྐོར་གྱི་གནས་ཚུལ་རྣམས་རྫུན་མ་ཡིན་སྐོར་བརྗོད་འདུག

ལོ་སྔོན་མར་དབྱིན་ཡུལ་ནང་བསམ་ཤོག་བསྡུ་ལེན་ཞིག་བྱས་པའི་གྲུབ་དོན་དུ། མི་མང་བརྒྱ་ཆ་༡༩ ཡིས་སྲིད་འཛིན་ཊོམ་ལ་ལྟ་ཕྱོགས་ཡག་པོ་ཡོད་ཀྱང་། བརྒྱ་ཆ་༦༨ ཀྱིས་ལྟ་ཕྱོགས་བཟང་པོ་འཛིན་གྱི་མེད་པ་རེད་འདུག ཊོམ་གྱིས་ངོ་རྒོལ་བ་དང་གདོང་ཐུག་མི་ཡོང་ཆེད། ཕར་ཚུར་འགྲོ་དགོས་སྐབས་མང་ཆེ་བ་ཐད་འཕར་གནམ་གྲུའི་ནང་འགྲོ་ཡི་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།