དྲ་རྒྱས་དབང་བསྒྱུར་བའི་དུས་རབས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༨༧ ཕྱི་ལོ་ ༢༠༡༤/༤/༢༣
དུས་རབས་ཉེར་གཅིག་པ་འདི་ཉིད་འཛམ་གླིང་ཧྲིལ་པོ་དྲ་རྒྱ་ལ་བརྟེན་ནས་གཅིག་གྱུར་དང་མཉམ་གནས་བྱེད་བཞིན་ཡོད་པ་དང། སྔོན་མ་མཐོང་ཐོས་མི་ཐུབ་པའི་གནས་ཚུལ་མང་པོ་ཞིག་དེང་སྐབས་སྐད་ཅིག་སྐད་ཅིག་ཙམ་གྱིས་ཕན་ཚུན་མཁོ་སྤྲོད་དང་ཤེས་རྟོགས་ཐུབ་ཀྱི་ཡོད། དེ་ཙམ་དུ་མ་ཟད་དྲ་རྒྱ་བརྒྱུད་ནས་ལེ་བར་ཁྲི་ཕྲག་གི་ཕ་རོལ་ཏུ་སློབ་ཁྲིད་བྱེད་པ་དང། དྲ་རྒྱ་བརྒྱུད་ནས་བརྒྱུད་ནས་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་དབར། མི་སྒེར་དང་སྒེར་གྱི་དབར་ཚོང་རྒྱག་པ། དྲ་རྒྱ་བརྒྱུད་ནས་གྲོས་མཐུན་གྱི་ཡིག་ཆ་འཇོག་པ། དྲ་རྒྱ་བརྒྱུད་ནས་རྒྱལ་ཁབ་ཕན་ཚུན་གྱི་གསང་བ་རྐུ་འཁྱེར་དང། དྲ་རྒྱ་བརྒྱུད་ནས་དམག་འཁྲུགས་བྱེད་པའི་དུས་ཚོད་ཅིག་ཏུའང་སླེབས་ཟིན་པས། དེང་སྐབས་འཛམ་གླིང་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་དྲ་རྒྱ་ནི་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཟིན་པ་དང། འཛམ་གླིང་ཤར་ནུབ་དང་མི་རིགས་ཀྱི་ཁྱད་པར་མེད་པར་འགྲོ་བ་མིའི་སྤྱི་ཚོགས་ཡོངས་སུ་རྫོགས་པ་དྲ་རྒྱས་དབང་བསྒྱུར་བའི་དུས་རབས་ཤིག་ཏུ་གྱུར་ཡོད།

གོང་དུ་བརྗོད་པ་བཞིན་དྲ་རྒྱ་ནི་ད་ལྟའི་དུས་རབས་འདིར་མེད་ཐབས་མེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་པས། གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མི་ཚོས་ཀྱང་དུས་རབས་དང་མཐུན་པའི་ལག་ཆ་འདི་ཉིད་བེད་སྤྱོད་ངེས་པར་བྱེད་ཐུབ་དགོས་པ་དང། གཙོ་ཆེ་ཤོས་ཤེས་ཡོན་དང་སློབ་སྦྱོང་ཡར་རྒྱས། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཡང་དྲ་རྒྱ་བརྒྱུད་ནས་སྤེལ་ཐུབ་པ་མང་པོ་ཞིག་ཡོད་པས་དེའི་ཐད་གོ་སྐབས་མ་ཤོར་བར་བྱེད་དགོས་པ་འདི་ཉིད་ཧ་ཅང་གལ་ཆེ། བོད་པ་ལྟ་བུའི་མི་རིགས་ཉམ་ཆུང་ཞིག་ལ་འདི་ལས་ལྷག་པའི་ལག་ཆ་ཞིག་གཏན་ནས་མེད་ལ། དྲ་རྒྱ་ནི་འཛམ་གླིང་གི་ཁྱོན་ཡོངས་སུ་ཤུགས་རྐྱེན་དང་དར་སྲོལ་ཤིན་ཏུ་ཆེ་བའི་སྐབས་འདིར། བོད་པ་རྣམས་ཀྱིས་དགོས་མཁོ་དང་མཐུན་པའི་བེད་སྤྱོད་ཚད་དང་ལྡན་པ་ཞིག་བྱེད་ཐུབ་པར་འབད་བརྩོན་བྱས་ན། ལུས་ཀྱིས་དཀའ་ངལ་མང་པོ་ཞིག་མྱོང་མི་དགོས་པར་ཤུགས་རྐྱེན་ཆེ་བའི་ལས་འགུལ་མང་པོ་རང་གནས་སུ་བསྡད་ནས་སྤེལ་ཐུབ་པའི་གོ་སྐབས་ཡོད།

ད་ལྟའི་དུས་འདིར་བོད་ཕྱི་ནང་གཉིས་སུ་དྲ་རྒྱ་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་དང། ལྷག་པར་དུ་ངོ་དེབ་(Facebook)དང་འཕྲིན་ཕྲན་(Wechat) ཁེའུ་ཁེའུ་(QQ)བཅས་ནི་ཧ་ཅང་དར་ཁྱབ་ཆེན་པོའི་ཐོག་ནས་བེད་སྤྱོད་བྱེད་བཞིན་ཡོད། འོན་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་དྲ་ནང་དུ་འཛུལ་བར་“དྲ་རྒྱ་རྩེ་”ཞེས་བྱ་ཚིག་སྦྱར་སྲོལ་ཡོད་པ་དང། ཚིག་དེའི་རྒྱབ་ལྗོངས་སུ་མང་ཆེ་བ་ཞིག་རྩེད་མོ་རྩེ་བ་ཙམ་ཞིག་ལས། ལས་དོན་ཆེན་པོ་འགྲུབ་ཐུབ་པའི་མཐུན་རྐྱེན་ཞིག་ཏུ་ངོས་འཛིན་བྱེད་ཐུབ་མེད། དེར་བརྟེན་དྲ་རྒྱ་བརྒྱུད་ནས་བོད་པའི་སྤྱི་ཚོགས་ལ་ཐེབས་པའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ནི་རྒྱ་ཆེན་པོ་ཞིག་གཏན་ནས་མིན་ལ། མ་འོངས་པར་ཡང་ཚུལ་དང་མཐུན་པའི་བེད་སྤྱོད་ཡག་པོ་ཞིག་བྱེད་མ་ཐུབ་ན་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་དང་ཀུན་སྤྱོད་ཉམས་ཆག་འགྲོ་བ་དང། གྲྭ་པ་རྣམས་ཀྱི་སྦྱངས་པའི་ཡོན་ཏན་དང་འདུལ་ཁྲིམས་ཉམས་དམས་སུ་འགྱུར་བའི་སྣ་འདྲེན། མི་སྐྱ་ཕོ་མོ་རྣམས་ཀྱི་དུས་ཚོད་ཆུད་ཟོས་དང་ལས་དོན་ལ་འཐུས་ཤོར་གཏོང་བའི་ལག་ཆ་མ་རུངས་པ་ཞིག་ཏུ་འགྱུར་ངེས་རེད།

རྒྱ་གཞུང་གི་ངོས་ནས་དྲ་རྒྱ་བཀག་སྡོམ་དང་སྟངས་འཛིན། རྒྱལ་ཁབ་དང་མི་སྒེར་གྱི་གསང་བ་རྐུ་འཁྱེར་བྱེད་པ་སོགས་ནི་འཛམ་གླིང་གི་ཁྱོན་དུ་ཡོངས་གྲགས་ཆགས་ཟིན་ལ། རྒྱ་ནག་གི་ཁྱོན་ཡོངས་སུ་དྲ་རྒྱའི་ཉེན་རྟོག་པ་ཧ་ཅང་མང་པོ་ཞིག་བཀྲམ་ནས་རྟོག་ཞིབ་དང་སུན་གཙེར་བཟོ་བཞིན་ཡོད་པའི་སྐབས་འདིར། བོད་ཕྱི་ནང་གཉིས་ཀྱི་དབར་འབྲེལ་བ་བྱེད་ཡུལ་གཙོ་བོ་ཞིག་དྲ་རྒྱ་ཡིན་པ་དང། བོད་ནང་ནས་དྲ་རྒྱ་བེད་སྤྱོད་བཏང་ནས་བཙོན་འཇུག་བྱས་པའི་གནས་ཚུལ་ཡང་མང་པོ་བྱུང་མྱོང། མ་འོངས་པར་ཡང་དྲ་རྒྱ་བརྒྱུད་ནས་འབྲེལ་བ་བྱས་ན་འཕྲད་སྲིད་པའི་ཉེན་ཁ་དག་ལ་གདོང་ལེན་གྱི་བསམ་བློ་མེད་པར་དྲ་རྒྱ་བེད་སྤྱོད་བྱས་ན། རང་ཉིད་ཀྱི་གཉེན་ཉེ་དང་འབྲེལ་ཡོད་མང་པོ་ཞིག་བཙོན་ཁང་དུ་སྐྱེལ་ངེས་པ་དང། རྒྱ་གཞུང་གིས་དྲ་རྒྱ་ལ་དོ་དམ་དང་སྟངས་འཛིན་བཀག་སྡོམ་བཅས་ནན་པོ་བྱེད་དགོས་པའི་རྒྱུ་མཚན་ཡང་མ་འོངས་པར་དྲ་རྒྱ་ལ་བརྟེན་ནས་རྒྱ་གཞུང་ལ་ཉེན་ཁ་ཆེན་པོ་འཕྲད་ངེས་ཡིན་པའི་རྒྱུ་མཚན་ལ་ཐུག་ཡོད།

མདོར་ན་དྲ་རྒྱ་ནི་ཆོས་དང་ཆབ་སྲིད་ཤེས་ཡོན་དཔལ་འབྱོར་སོགས་གང་ཐད་ནས་བཤད་ཀྱང་བཟང་ཕྱོགས་སུ་བེད་སྤྱོད་གཏོང་ཐུབ་ན་དགོས་མཁོ་ཆེ་ཞིང་སྟབས་བདེ་བ། ཧ་ཅང་གལ་ཆེ་བའི་ལག་ཆ་ཞིག་ཡིན་ལ། བེད་སྤྱོད་ལོག་པར་བཏང་ནའང་ཤུགས་རྐྱེན་གཞན་ལས་ཆེ་བ་ཞིག་ཡིན་པ་ནི་ཚང་མས་ཤེས་རྟོགས་ཐུབ་པ་ཞིག་རེད། འཛམ་གླིང་སྤྱི་མཚུངས་བཞིན་མ་འོངས་པར་བོད་པའི་སྤྱི་ཚོགས་འདི་ཡང་དྲ་རྒྱ་ལ་བརྟེན་ནས་གཅིག་གྱུར་དང་མདུན་བསྐྱོད་བྱེད་དགོས་པ་དང། དྲ་རྒྱ་བེད་སྤྱོད་མ་བྱས་པར་དྲ་རྒྱ་དང་ཁ་བྲལ་ནས་ཟུར་དུ་སྡོད་ཐབས་མེད་པར་བརྟེན་དེ་ལུགས་ཀྱི་དྲ་རྒྱའི་མཐུན་རྐྱེན་དང། བོད་པ་རང་གི་དགོས་མཁོ་དང་མཐུན་པའི་མཉེན་ཆས་གང་མང་ཞིག་ཀྱང་གསར་སྐྲུན་གྱི་ཐོག་ལ་དེང་དུས་ཀྱི་སློབ་སྦྱོང་ཡོད་མཁན་དག་གིས་བསམ་བློ་བཏང་ནས་ནུས་པ་འདོན་ཐུབ་པ་ཞིག་དགོས་པ་དེ་ཕྲག་ཏུ་བབས་པའི་འགན་འཁྲི་དང་བླ་ན་མེད་པའི་གོ་སྐབས་ཤིག་ཏུ་གྱུར་ཡོད། དེ་ལྟར་བྱེད་མ་ཐུབ་ན་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཞེས་པ་འདི་ཡང་དོན་དུ་ཁ་གཡང་ཙམ་ལས་དངོས་ཡོད་གནས་ཚུལ་དུ་འགྱུར་མི་སྲིད་པ་ཧ་ཅང་གསལ་པོ་རེད།།