དྲུག་བཞིའི་དོན་རྐྱེན་དང་བོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༩༨   ཕྱི་ལོ་ ༢༠༡༦/༦/༨
ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༦ ཚེས་༤ ཉིན་རྒྱ་ནག་ལ་མང་གཙོ་དགོས་པའི་འཐབ་རྩོད་བྱེད་མཁན་སློབ་ཕྲུག་མང་པོ་ཞིག་ལ་དྲག་གནོན་དམར་གསོད་བཏང་བའི་ལོ་རྒྱུས་སྐྱུར་མོ་དེ་མི་མང་པོ་ཞིག་གི་སེམས་ནང་དུ་ཡོད་ལ། འཛམ་གླིང་གི་སྲིད་གཞུང་མང་པོ་ཞིག་གིས་དེའི་སྐོར་ལ་དོ་སྣང་དང་སེམས་ཁུར་བྱེད་མྱོང་ཡོད་པ་མ་ཟད། རྒྱལ་ཁབ་སྟོབས་ཆེན་མང་པོ་ཞིག་གིས་རྒྱ་གཞུང་ལ་གོ་མཚོན་ཚོང་བསྒྱུར་སོགས་ཀྱི་ཐད་ལ་བཀག་སྡོམ་ཤུགས་ཆེ་བྱས་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་ནང་དུ་གནད་དོན་དེ་དང་འབྲེལ་བའི་ཤུགས་རྐྱེན་ཆེན་པོ་དེ་ཙམ་མངོན་གསལ་མེད་ནའང།  སྐབས་དེར་མནར་གཅོད་མྱོང་མཁན་གྱི་མི་མང་པོ་ཞིག་གི་སེམས་ནང་དུ་ན་ཚ་དེ་ཉིད་དྲག་སྐྱེད་བྱུང་མེད་པར་ད་དུང་བག་ལ་ཉལ་བའི་ཚུལ་གྱིས་གནས་ཡོད་ངེས་རེད། གང་ལྟར་སྲིད་དབང་སྒེར་གཅོད་པ་དག་གི་བྱེད་སྟངས་ལ་བརྟེན་ནས་བསྐྱར་དུ་རྒྱ་ནག་ནང་སྔ་འཕྱི་ཙམ་མ་གཏོགས་གནད་དོན་འདི་དང་འབྲེལ་བའི་གནས་ཚུལ་ཆེན་པོ་ཞིག་འབྱུང་སྲིད་པ་དེ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།
བོད་པར་མཚོན་ན་དྲུག་བཞིའི་དོན་རྐྱེན་ལས་ཀྱང་གལ་ཆེ་བའི་གནས་ཚུལ་ཞིག་ནི་ལོ་འདིའི་ཕྱི་ཟླ་དང་པོའི་ཚེས་༢༨ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གི་ངན་བྱུས་འོག་སྐུ་གཤེགས་པའི་གནས་ཚུལ་དེ་ཡིན་ལ། ཀུན་གཟིགས་རིན་པོ་ཆེ་མུ་མཐུད་སྐུ་འཚོ་གཞེས་སུ་བཞུགས་ཡོད་ན་བོད་ནང་གི་ཤེས་ཡོན་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་བདེ་འཇགས་བཅས་གང་ཐད་ནས་ཡར་རྒྱས་སུ་འགྲོ་བར་ཕན་ནུས་ཆེན་པོ་འདོན་ཐུབ་ཡོད་ངེས་པ་དང། ཀུན་གཟིགས་མཆོག་གི་དགོངས་གཞི་དང་རླབས་ཆེ་བའི་འཆར་གཞི་ཁག་ཚང་མ་དེ་ནས་བཟུང་མཇུག་བསྡོམས་བརྒྱབ་ཡོད་པ་རེད། དེར་བརྟེན་བོད་ནང་གི་གནས་སྟངས་དེ་རྒྱ་དམར་གཞུང་གིས་གང་བྱེད་མ་གཏོགས། བོད་མི་རིགས་ཀྱི་དགོས་མཁོ་དང་ལྟ་ཚུལ་ངོ་མ་བརྗོད་མཁན་གྱི་དཔོན་རིགས་ཤིག་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོད། བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གནས་ལ་མཚོན་ན་དེ་ལས་གྱོང་གུད་ཆེ་བ་ཞིག་ཡོང་ཐབས་མེད་པར་ཕྱི་ལོ་༡༩༨༩ ལོ་ནི་བོད་ལ་མཚོན་ན་ཆེས་གདུག་རྩུབ་ཆེ་བའི་ལོ་ནག་ཅིག་ཏུ་གྱུར་ཡོད།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་སྐོར་དེ་བོད་མི་རིགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་དང། དེ་དང་དྲུག་བཞིའི་དོན་རྐྱེན་གཉིས་ཇི་ལྟར་འབྲེལ་བ་ཡོད་དམ་ཞེ་ན། དེ་ཡང་རྒྱ་གཞུང་གི་སྲིད་དབང་སྒེར་གཅོད་པ་དག་གི་གདུག་རྩུབ་ཀྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་གཅིག་མཚུངས་ཡིན་ལ། ཀུན་གཟིགས་མཆོག་གི་བོད་མི་རིགས་ཀྱི་འཕྲལ་ཕུགས་ལ་སྨན་པའི་དགོངས་གཞི་ཁག་ལ་རྒྱ་གཞུང་གི་དོགས་པ་ཆེན་པོ་ཡོད་སྟབས་སྔ་ཕྱིར་འཆར་གཞི་ལྡན་པའི་ཐོག་ནས་ཁོང་ཉིད་སྐུ་བཀྲོངས་པ་དང། རྒྱ་ནག་གི་ཤེས་ལྡན་མི་རབས་གསར་པའི་དཔུང་ཁག་གིས་སྲིད་དབང་སྒེར་གཅོད་པ་དག་ལ་ངོ་རྒོལ་བྱས་པར་བརྟེན། དེ་ལ་དྲག་མཚོན་བེད་སྤྱོད་ཀྱིས་དམར་གསོད་བཏང་བའི་གནས་ཚུལ་འདི་གཉིས་ཕུགས་ཀྱི་དམིགས་ཡུལ་དང་རྒྱབ་ལྗོངས་གཅིག་པ་གཅིག་རྐྱང་ཡིན་པ་ལས་མི་འདྲ་བ་གང་ཡང་མེད། དེ་ནི་རྒྱ་དམར་དྲག་གཞུང་གི་ངོས་ནས་དུས་ནམ་ཡང་སྲིད་དབང་སྒེར་གཅོད་བྱེད་པའི་དམིགས་ཡུལ་ཁོ་ནར་གྱུར་ཡོད།
བཙན་བྱོལ་བོད་པའི་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་གཉིས་ངོས་ནས་རྒྱ་དམར་དྲག་པོའི་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་དཔུང་སྡེ་དང། སྒྲིག་འཛུགས་ཆེ་ཆུང་གང་ཡང་ཡིན་ཡང་དཔུང་པ་མཉམ་སྒྲིལ་དང་སྟོབས་ཤུགས་མཉམ་སྤུངས་བྱེད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད་ལ། མ་འོངས་པར་བོད་པའི་བདག་དབང་སླར་གསོ་བྱེད་པའི་གོ་སྐབས་དེ་རྒྱ་གཞུང་ལ་ཞུ་བ་འཐེན་ནས་ཡོང་ཐབས་མེད་པ་དང། རེ་སྒུག་བྱས་ནས་ཀྱང་ཡོང་ཐབས་མེད་པ་གསལ་པོ་རེད། དེར་བརྟེན་བོད་ཕྱི་ནང་གཉིས་སུ་ཡོད་པའི་སྟོབས་ཤུགས་དེ་ཉིད་གཞི་གཅིག་ཏུ་སྒྲིལ་ཐུབ་པ་ཞིག་དང། བོད་མི་རིགས་ཀྱི་བུ་རབས་ཚ་བརྒྱུད་ལ་འཐབ་རྩོད་བྱེད་དགོས་བྱུང་ཡང་བྱེད་ཐུབ་པའི་སྤོབས་པ་ཞིག་ངེས་པར་དུ་བསྐྲུན་ཐུབ་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༦ ཚེས་༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གཙོ་བོར་གྱུར་པའི་ས་གནས་ཁག་ཏུ་བྱུང་བའི་ངོ་རྒོལ་དེ་ཡང་བོད་དོན་དང་འབྲེལ་བའི་ཐོག་ནས་གལ་གནད་ཆེ་བའི་གནས་ཚུལ་ཞིག་ཏུ་གྱུར་ཡོད།
མདོར་ན་རྒྱ་གཞུང་ལ་གནོད་པའི་བྱ་བ་དང་རྒྱ་གཞུང་ལ་རྒོལ་བའི་བྱ་བ་གང་ཡིན་ཡང་བོད་མི་རིགས་ཀྱི་འཐབ་རྩོད་དང་འབྲེལ་བའི་ཐོག་ནས་གོ་སྐབས་ཉག་གཅིག་ཏུ་གྱུར་ཡོད་པར་ངོས་འཛིན་བྱེད་དགོས་པ་ལས། རྒྱ་གཞུང་ལ་རེ་བ་དང་ཡིད་ཆེས་ཁོ་ན་བྱས་ནས་བོད་ལ་ཁེ་ཕན་དང་ནུས་པ་རྒྱ་ཆེན་པོ་ཞིག་ཡོང་ཐབས་མེད་པ་ནི་འདས་པའི་མི་ལོ་༤༠ ལྷག་གི་ལོ་རྒྱུས་ལ་བལྟས་ན་ཤེས་ཐུབ་པ་དང། ཞིས་ཅིན་ཕེན་གྱི་མ་འོངས་པར་སྲིད་དབང་སྐབས་གཉིས་པ་འཛིན་ཐུབ་པའི་དབང་དུ་བཏང་ཡང་དེ་ལ་རེ་བ་དང་ཡིད་ཆེས་བྱེད་འོས་པའི་གོ་སྐབས་ཤིག་གཏན་ནས་མེད། ཐའེ་ཝན་དང། ཧོང་ཀོང། ཤར་ཏུར་ཀི་སི་ཐན། སོག་པོ་དང་བོད་བཅས་ཀྱི་གནད་དོན་དང། དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀྱི་སྟོབས་ཤུགས་རྣམས་གཅིག་ཏུ་བསྒྲིལ་ཐུབ་པ་ཞིག་དང། དེ་དག་མཉམ་འབྲེལ་གྱི་ཐོག་ནས་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་ཐུབ་པ་ཞིག་བྱུང་ན། སྐབས་དེ་དུས་བོད་པའི་འཐབ་རྩོད་ལ་རེ་བ་རྒྱག་ཆོག་པ་ལས། རྒྱལ་སྤྱིའི་རྒྱབ་སྐྱོར་ཉི་ཚེ་བ་ཙམ་ལ་རེ་བ་རྒྱག་ཆོག་པ་ཞིག་གཏན་ནས་མིན་སྙམ།།