ནིའུ་ཛི་ལན་ཌའི་སྲིད་བློན་གསར་པར་འཚམས་འདྲི་གནང་འདུག

༧གོང་ས་མཆོག་ནས་ནིའུ་ཛི་ལན་ཌའི་སྲིད་བློན་གསར་པར་འཚམས་འདྲི་དང་སྲིད་བློན་རྙིང་པར་བསྔགས་བརྗོད་གནང་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྲིད་བློན་གསར་པར་འཚམས་འདྲི་གནང་འདུག 

དེ་ཡང་ཟླ་༡ པོའི་ཚེས་ ༢༤ ཉིན་ནིའུ་ཛི་ལན་ཌའི་སྲིད་བློན་གསར་པ་ཀི་རི་སི་ཧིཔ་ཀིན་ (Chris Hipkins)ལ་༧གོང་ས་མཆོག་ནས་དགའ་བསུའི་འཚམས་འཕྲིན་ཞིག་བསྩལ་གནང་ཡོད་པའི་ནང་འཁོད་དོན། ངོས་རང་སྐུ་ཉིད་ཀྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཏུ་ཐེངས་འགའ་བསྐྱོད་རྒྱུ་བྱུང་ལ། སྐབས་དེར་ངོས་ཀྱིས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏང་རྒྱུ་དང་། ཆོས་ལུགས་མཐུན་འབྲེལ་ཡོང་ཐབས་འབད་རྩོལ་བྱེད་བཞིན་པར་མི་མང་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་པ་མཐོང་དུས་སེམས་ནང་ཚོར་སྣང་དམིགས་བསལ་བྱུང་། དེང་སྐབས་འཛམ་གླིང་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད། སྐུ་ཉིད་ཀྱིས་ནིའུ་ཛི་ལན་ཌ་མི་མང་གི་དགོས་མཁོ་དང་མངོན་འདོད་སྒྲུབ་ཆེད་འབྱུང་འགྱུར་གྱི་དཀའ་ངལ་ཁག་ལ་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་འདུག 

དེ་བཞིན་ཟླ་༡ པའི་ཚེས་ ༢༤ ཉིན་༸གོང་ས་མཆོག་གིས་ནིའུ་ཛི་ལན་ཌའི་ལས་འཁྱུར་སྲིད་བློན་ལྕམ་སྐུ་ཇ་སིན་ཊ་ཨར་ཊན་ལ་ཡི་རངས་བསྔགས་བརྗོད་ཀྱི་ཕྱག་བྲིས་ཤིག་བསྩལ་གནང་ཡོད་པའི་ནང་འཁོད་དོན། མགོན་པོ་གང་ཉིད་མཆོག་གིས་སྲིད་བློན་ལྕམ་སྐུ་ཇ་སིན་ཊ་ཨར་ཊན་གྱིས་དཀའ་ངལ་ཆེ་བའི་སྐབས་མིག་དཔེར་འོས་པའི་དབུ་ཁྲིད་གནང་བར་ཡི་རང་བསྔགས་བརྗོད་གནང་བ་དང་སྦྲགས། ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༠༣ ནང་མང་ཚོགས་ཁྲོད་མེ་མདའ་བརྒྱབ་སྟེ་མི་མང་དུ་མ་རྐྱེན་འདས་རྨས་སྐྱོན་ཕོག་པའི་གོད་ཆགས་སྐབས་བྱམས་བརྩེའི་ཐོག་ནས་ལན་འདེབས་གདོང་ལེན་གནང་བར་རྗེས་སུ་ཡི་རང་གནང་ཡོད། ཕྱག་བྲིས་ནང་མགོན་པོ་མཆོག་གིས། སྐུ་ཉིད་ཀྱིས་འཕྲལ་དུ་འཚེ་བ་འཕོག་མཁན་རྣམས་ནིའུ་ཛི་ལན་ཌའི་ཁྱིམ་ཚང་གི་ཁྱབ་ཁོངས་ཡིན་ལ། འཚེ་བའི་ནག་ཉེས་ཅན་རྣམས་སྤྱི་ཚོགས་ནས་ཁ་བྲལ་དུ་ཕྱིན་པའི་གསལ་བསྒྲགས་གནང་བ་དེ་ནི་དོན་རྐྱེན་དེར་དངོས་ཡོད་དང་མཐུན་པའི་དཔྱད་ཞིབ་གནང་བ་ཆགས་ཡོད། སྤྱིར་ང་ཚོ་ཚང་མ་ཕན་ཚུན་བརྟེན་ནས་བསྡད་ཡོད་སྟབས། ང་ཚོས་ཚང་མ་མཉམ་འདུས་ཡོང་ཐབས་དང་། འགྲོ་བ་མི་རིགས་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་བསམ་བློ་གཏོང་དགོས། ཞེས་དང་། མཐར་མགོན་པོ་གང་ཉིད་མཆོག་གིས་ལྕམ་སྐུ་ཇ་སིན་ཝ་ཨར་ཊན་གྱིས་སྲིད་བློན་ནས་རྩ་དགོངས་ཞུས་པའི་རྗེས་སུའང་ནིའུ་ཛི་ལན་ཌ་མི་མང་གི་བདེ་སྡུག་ཆེད་ཕྱག་ལས་མུ་མཐུད་གནང་བའི་རེ་བ་ཡོད་ཅེས་གསུངས་ཡོད་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གསར་དུ་བདམས་ཐོན་བྱུང་བའི་ནིའུ་ཛི་ལན་ཌའི་སྲིད་བློན་ཀི་རི་སི་ཧིཔ་ཀིན་(Chris Hipkins)ལ་འཚམས་འདྲིའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན།  ནིའུ་ཛི་ལན་ཌ་ནས་ཕྱི་ལོ་ ༡༩༩༠ ནས་བཟུང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལན་ཌ་ནང་ཐེངས་འགའ་གདན་འདྲེན་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ནིའུ་ཛི་ལན་ཌ་གཞུང་མང་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་སྡོད་ཁང་གི་ཆེད་དུ་རོགས་རམ་དང་། དེ་བཞིན་བོད་མིའི་བདེན་པའི་འཐབ་རྩོད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་བཏོན་གནང་པར་བོད་རྒྱ་ཆེ་མི་མང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་བསྡུར་སྦྱངས་བཤད་རིམ་པ་གནང་རྗེས་མང་གཙོའི་ལམ་ནས་གཏན་འབེབས་གནང་བའི་སྲིད་བྱུས་ལ་ནིའུ་ཛི་ལན་ཌ་གཞུང་མང་གཉིས་ནས་རྒྱུན་དུ་རྒྱབ་སྐྱོར་གནང་པར་ངས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། གཞན་ཡང་སྲིད་སྐྱོང་གིས། སྐུ་ཉིད་ཀྱི་དབུ་ཁྲིད་འོག་ནིའུ་ཛི་ལན་ཌ་ནས་མུ་མཐུད་བོད་དོན་དེ་བཞིན་ཛ་དྲག་ཅན་ཡིན་པ་གཟིགས་ཏེ་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་རེ་བ་ཡོད་ཅེས་འཁོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།