ཕྱི་ཕྱོགས་སུ་སྒོར་གཞས་དར་སྤེལ་གཏོང་མཁན་རྒན་ཚེ་དབང་རྒྱལ་མཚན་ལགས།

རྩོམ་པ་པོ། ནགས་ཤོད་ཅོང་བརྡ།
ངས་འདི་ནས་སྣང་མེད་དུ་ལྷག་པའི་མི་བུ་ཉམ་ཆུང་ཞིག་གླེང་ན་འདོད་སོང་། ཁོང་ནི་རྒན་ཚེ་དབང་ངམ་ཡང་ན་དགེ་རྒན་ཚེ་དབང་རྒྱལ་མཚན་འབོད་པ་དེ་རེད། ཁོ་རང་ནི་འབྲོག་ཁྱིམ་ཕལ་པ་ཞིག་ཏུ་ལྟེ་ཐག་བཅད་པ་དང་། ཕ་མེས་ཀྱི་ཤུགས་རྐྱེན་གྱིས་ཆུང་དུས་ནས་གཞས་ཞབས་བྲོ་འཁྲབ་རྒྱུར་ཁོ་རང་གི་དགའ་ཕྱོགས་ཤིག་ཡིན་པ་འདྲ། ཕྱི་ལོ་༢༠༠༨ ཡས་མས་ཤིག་ལ་རྒྱ་གར་དུ་འབྱོར་བ་དང་། ཤེས་རབ་དགའ་ཚལ་སློབ་གླིང་དང་ཀུན་ཕན་སློབ་གྲྭ་སོགས་སུ་སློབ་གཉེར་གནང་།
ཁོང་གིས་བོད་མི་རིགས་ཀྱི་སྒྱུ་རྩལ་རིག་གནས་ཉམ་ཆུང་ཞིང་ཧ་ལམ་མིང་གི་ལྷག་མ་ལྟ་བུ་ཞིག་ལ་བལྟས་དང་ལྟ་བཞིན་པའི་སྤྱི་ཚོགས་ཤིག་ནས་རང་ཉིད་ཀྱི་དགའ་ཕྱོགས་ལ་ཤི་འབད་རོ་འབད་དང་། གོ་སྐབས་དམ་འཛིན། རྒྱུ་ལུས་གཉིས་ཀྱི་ནུས་པ་ཚད་མཐོ་བཏང་ཞིང་སློབ་མ་རྒྱ་ཕྲག་མང་པོ་གསོ་སྐྱོང་གནང་བས། ད་ལྟ་ནི་ཁོང་གི་སློབ་མ་དང་སློབ་མའི་སློབ་མ་སོགས་ཀྱིས་རྒྱ་གར་དང་། བལ་ཡུལ། འབྲུག། ཨ་རི་དང་། ཡོ་རོབ་གླིང་། ཨོ་གླིང་། ཐའེ་ཝན་སོགས་བོད་དང་ཧི་མ་ལ་ཡའི་མི་རིགས་འདུས་སྡོད་བྱེད་ས་ཁག་ཏུ་གཞས་འཁྲབ་རྒྱུ་ཧ་ཅང་དར་ཁྱབ་ཆེ་བ་འདི་རྒན་ཚེ་དབང་ལགས་ཀྱིས་མཛད་རྗེས་བླ་ལྷག་ཏུ་བཞག་ཡོད་པ་ཤེས་མཁན་མང་ཡང་གླེང་མཁན་ཧ་ལམ་མེད།
ཁོང་གིས་སྐྱོང་བའི་སློབ་མ་ནི་ཟློས་གར་ཚོགས་པས་ལྕགས་ཀྱི་ཕོར་པ་སྲུང་བཞིན་ལོ་ངོ་བཅུ་ཕྲག་ཁ་ཤས་བསྐྱངས་པ་ལས་ལྡབ་ཀྱིས་མང་བ་དང་། ལག་ལེན་དངོས་ཀྱི་ཐོག་ནས་དེ་བཞིན་ཡིན། མི་མང་ལ་ཤུགས་རྐྱེན་ཐེབས་ལུགས་ནས་ཀྱང་སྡུར་ས་ཁྱོན་ནས་མེད། མི་མང་བྱིངས་ཀྱིས་དགའ་བསུ་ཐོབ་ཚུལ་ཡང་གནམ་དང་སའི་ཧེ་བག་ཡོད་པས། དགེ་རྒན་ཉམ་ཆུང་ཁོང་ལ་འདི་ལྟ་བུའི་ནུས་པ་ཞིག་ཡོད་དོན་ནི་ཁོང་གི་དགའ་ཕྱོགས་འདིའི་སྒང་དུ་ཡོད་པ་ཕན་ཆད་དུ་ཞུམ་པ་མེད་པའི་སྙིང་སྟོབས་དང་། རང་ཉིད་ཀྱི་འཇོན་ནུས་ལ་ཡིད་ཆེས། དཔོག་དཀའ་བའི་ལྷག་བསམ་ཞིག་ཡོད་པ་བཅས་ལས་གྲུབ་པ་བཤད་ག་ལ་དགོས།
རེ་འགས་ལག་པའི་མཐོ་དམན་དང་། རྐང་པའི་འདེགས་སྟངས། ཕུ་ཐུང་གི་རིང་ཐུང་སོགས་གླེང་མཁན་ཡོད་པར་གྲགས་ཀྱང་”ཉི་མའི་འོད་ཟེར་འཆར་བ་ན་འབྱུང་བོའི་བྱ་རྣམས་ལོང་བར་གྱུར་”པའི་སྐྱོན་དུ་སོང་བ་ལས་མ་འདས། ཡང་རེ་འགས་སྤྲང་བྲོ་སྐམ་པོ་ཟེར་བ་སོགས་ཆབ་སྲིད་ཞེད་པོ་ཤེས་མདོག་གིས་དགག་ཁུལ་བྱེད་པ་ནི་གཡག་ཞྭ་རས་རྩྭ་ཟ་དུས་ཕྱོགས་གཅིག་མ་གཏོགས་མ་མཐོང་བའི་སྐྱོན་དུ་སོང་ཡོད་དེ།
བཙན་བྱོལ་བ་སྦར་ཆུང་གང་པོ་འདི་རྭ་གོག་སྒྲོ་བའི་ནང་དུ་བཅུག་པ་ལྟར་དགོས་མེད་ཀྱི་ཧྲག་སྒྲ་ཧྲོག་སྒྲ་ཧ་ཅང་ཆེ་བས། གཞས་དང་ཞབས་བྲོ་ཁོ་ནས་ཆོལ་ཁ་གསུམ་ཀའི་སྤུན་ཟླ་འཛོམས་ཐུབ་པ་འདི་ནི་དགེ་མཚན་ཆེན་པོ་ཞིག་ཡིན། དེ་ལ་བརྟེན་ནས་རིག་གཞུང་སྲུང་སྐྱོབ། རང་རིགས་འགྲོགས་འདྲིས། ལུས་སེམས་ཀྱི་འཕྲོད་བསྟེན། དཔལ་འབྱོར་འདུ་འགོད། སྐད་ཡིག་གི་ཚེ་ཐག་རིང་དུ་དང་། མི་རིགས་བསྲེ་ལྷད་དལ་དུ་གཏོང་བ། མི་རབས་གསར་པ་རྣམས་ལ་རང་མི་རིགས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་བརྒྱུད་སྤྲོད་བྱེད་པ་སོགས་ལོང་བས་ཀྱང་མཐོང་ཐུབ་པའི་ཚོད་དུ་སླེབས་ཡོད་པས། ང་ཚོ་ལ་དགེ་རྒན་ཁོང་དང་ཁོང་ལྟ་བུ་མཐོང་ཐུབ་པའི་བློ་མིག་ཅིག་ཡོད་དགོས་རྒྱུ་གལ་ཆེ་བ་ལ།
(འདིར་བཀོད་པའི་རྩོམ་ཡིག་དག་ནི་རྩོམ་པ་པོ་སོ་སོའི་དགོངས་ཚུལ་ལས་འདི་གའི་གསར་ཁང་གི་མ་ཡིན།)