ཕྱི་ལོགས་ནས་དྷ་སར་ཡོང་མཁན་གྱི་བོད་མི་ཚོས་མ་ཡོང་གོང་ནས་དྷ་སའི་ས་གནས་ལས་ཁུངས་སུ་བརྡ་ལན་བྱེད་དགོས།
འཛམ་གླིང་ཁྱོན་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་ས་ཡ་༣༠ བརྒལ་བ་དང་། རྒྱ་གར་གྱི་ནད་པའི་གྲངས་ཚད་ས་ཡ་༥.༢ ལྷག་ཟིན་པ་མ་ཟད། བཞུགས་སྒར་དྷ་སའི་ཉེ་འཁོར་དུའང་ནད་པ་མང་དུ་ཕྱིན་ནས་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར། དྷ་ས་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ཕྱོགས་ནས་དྷ་སར་ལོག་མཁན་གྱི་“བོད་མི་ཡོངས་རྫོགས་མ་ཕེབས་གོང་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་སུ་བརྡ་ལན་ངེས་པར་དུ་གནང་དགོས་”པའི་གསལ་བསྒྲགས་བྱས་འདུག
དེ་རིང་སྟེ་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་དྷ་ས་ས་གནས་ལས་ཁུངས་ནས་སྤེལ་བའི་གསལ་བསྒྲགས་དེའི་ནང་། ད་ལྟའི་ཆར་རྒྱ་གར་དབུས་གཞུང་དང་། མངའ་སྡེ་གཞུང་། རྫོང་གཞུང་བཅས་ནས་བཀག་རྒྱ་ལྷོད་དུ་བཏང་ནས་མི་རྣམས་མངའ་སྡེ་དང་རྫོ་ཕྱི་ནང་དུ་ཕར་འགྲོ་ཚུར་འོང་བྱེད་ཆོག་ན་ཡང་། “བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཛ་དྲག་ཚོགས་ཆུང་ནས་ལམ་སྟོན་ཕེབས་པ་ལྟར་ཕྱི་ནས་དྷ་སར་ཕེབས་མཁན་བོད་མི་ཡོངས་རྫོགས་མ་ཕེབས་གོང་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་སུ་བརྡ་ལན་ངེས་པར་དུ་གནང་དགོས་”ཞེས་འཁོད་པ་དང་། གལ་སྲིད་སུ་ཞིག་གིས་དེ་ལྟར་མ་བྱས་པར་རང་དགར་ཡོང་བ་ཡིན་ན། དེ་ལ་བོད་མིའི་སྒྲིག་འཛུགས་ནས་ཟུར་བཀག་གི་མཐུན་རྐྱེན་དང་། ན་ཚ་ཡོད་མེད་ཀྱི་བརྟག་དཔྱད་བྱེད་པའི་གོ་སྐབས་སོགས་གནང་གི་མིན་ཞེས་བརྗོད་པ་མ་ཟད། གལ་སྲིད་ནད་ཡམས་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ནང་དཀའ་ཉེན་བྱུང་ན། དེའི་འགན་ཡོངས་རྫོགས་དོ་བདག་དེ་རང་གིས་འཁུར་དགོས་ཞེས་བསྒྲགས་འདུག
གཞན་ཡང་། དྷ་སའི་ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱུན་པར་དྷ་སའི་བོད་མི་རྣམས་འདུ་འཛོམས་དང་ཁ་བརྡ་བྱེད་ཡུལ་གཙོ་བོ་སྟེ། མེག་ལཱོར་ནས་དྷ་སྟེང་བོད་ཁྱིམ་དུ་འགྲོ་སའི་ལམ་ཟུར་ན་ཡོད་པའི་“བྱུས་གཏོགས་རྐུབ་ཀྱག་སྟེང་ཞུགས་ཐལ་”མི་ཉན་པའི་སྐུལ་མ་གནང་བའི་ཐོག མཚན་ཚོགས་དང་འདུ་འཛོམས་ལ་མི་འགྲོ་བའི་ནན་སྐུལ་དང་། གལ་སྲིད་དེ་ལྟར་བྱས་ནས་ནད་ཡམས་ཁྱབ་གདལ་བཏང་བའི་གནས་ཚུལ་ལྷགས་ན། འགན་ཆ་ཚང་དོ་བདག་རང་གིས་འཁུར་དགོས་སྐོར་བསྒྲགས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཁ་སང་རེས་གཟའ་ཕུར་བུའི་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ད་ལྟའི་བར་དུ་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བསྡོམས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འགོས་པའི་བོད་མི་ ༢༩༥ བྱུང་བ་ར་ཕྲོད་བྱུང་བ་ལས། མི་ ༡༡ འདས་གྲོངས་ཕྱིན་པ་དང་། མི་ ༡༠༩ དྲག་སྐྱེད་བྱུང་བས། ད་ཆ་དངོས་སུ་ནད་ཀྱིས་མནར་བཞིན་པའི་མི་ ༡༧༥ ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།