བཀའ་སྤྱི་གཉིས་ཀྱིས་ཇོ་ནང་ལ་ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ།
ཟླ་འདིའི་ཚེས་༡༨ ཉིན་གྱི་སྔ་དྲོ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒོ་རུ་ཇོ་ནང་པའི་སྐྱ་སེར་དགུས་ཡིས་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་དགོས་སྐོར་བརྗོད་དེ། ཟས་བཅད་ལས་འགུལ་འགོ་འཛུགས་བྱས་པ་དང་། གཞན་པ་ཚོས་མུ་མཐུད་ཞི་འབོད་ཀྱི་ལས་འགུལ་སྤེལ་ཏེ་དགོས་འདུན་དེ་དག་ཁ་གསལ་མ་བྱུང་བར་མཚམས་འཇོག་བྱེད་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ་འདུག
དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དབུ་འཛུགས་བྱས་པ་དང་དུས་མཚུངས། ལས་འགུལ་དེ་འགོ་འཛུགས་བྱས་ཡོད་པ་རེད། གྲོས་ཚོགས་ཉིན་གསུམ་པར་ཇོ་ནང་པའི་གནད་དོན་དེའི་ཐོག་སྤྱི་འཐུས་ནང་ཁུལ་དུ་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་རྗེས། ཟླ་འདིའི་ཚེས་༡༧ དགོང་མོར་སྲིད་སྐྱོང་བློ་བཟང་སེང་གེ་དང་། གྲོས་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་བཅས་ངོ་རྒོལ་ལས་འགུལ་བའི་མདུན་དུ་བཅར་ནས་གསལ་བཤད་གནང་བ་དང་། ལས་འགུལ་དེ་ད་ཐེངས་མཚམས་འཇོག་རོགས་ཞེས་འབོད་སྐུལ་གནང་ཡོད་ནའང་། ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་རེད།
ཚོགས་གཙོ་སྤེན་པ་ཚེ་རིང་གིས་༡༠༡༥ ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་ཇོ་ནང་པར་སྤྱི་འཐུས་དགོས་མིན་གྱི་གྲོས་ཆོད་བཏོན་པ་དང་འབྲེལ་ནས་གསུང་དོན། “ངས་དེའི་སྐབས་ཁྱེད་རང་ཚོར་གྲོས་ཚོགས་ནང་སྤྱི་འཐུས་བཅུ་བདུན་གྱིས་རྒྱབ་སྐྱོར་བྱུང་བ་དེ་ཡག་པོ་རེད། སྤྱི་འཐུས་གཞན་པ་ཚོའི་རྒྱབ་སྐྱོར་འཚོལ་ཐབས་དགོས་པ་རེད་ཅེས་ལམ་སྟོན་བྱས་ནས་དེའི་སྐབས་གྲོལ་བ་རེད། ༧གོང་ས་མཆོག་དང་། བླ་ཆེན་རྣམ་པའི་རྒྱབ་གཉེར་བཀའ་ཡིག ཆོས་བརྒྱུད་ཚོགས་ཆེན་ཐོག་གི་གྲོས་ཆོད་བཅས་རྩིས་མེད་བཏང་བ་རེད་ཟེར་བ་དེ་ལྟར་མ་རེད། འགན་ཁུར་ནས་གྲོས་ཚོགས་ནང་སླེབས་པ་རེད། འགན་མ་ཁུར་བར་རྩིས་མེད་བཏང་ན་གྲོས་ཚོགས་ནང་སླེབས་ཀྱི་མ་རེད་”ཅེས་འགྲེལ་བརྗོད་གནང་སོང་།
ཚོགས་གཙོས་ད་ཐེངས་ཀྱི་ཇོ་ནང་པའི་སྐོར་དེ་གྲོས་ཚོགས་བཞུགས་མོལ་ཚོགས་འདུའི་ནང་གླེང་སློང་བྱུང་སྐོར་དང་འབྲེལ་ནས་གསུང་དོན། “བཞུགས་མོལ་ཚོགས་འདུའི་ནང་སྤྱི་འཐུས་༢༩ ཙམ་གྱིས་དགོངས་ཚུལ་གསུངས་སོང་། གྲོས་ཚོགས་སྔོན་མའི་ནང་ཁྲིམས་འཆར་ཁྱེར་ནའང་མར་ཟགས་པ་རེད། ཐེངས་རེར་ཡང་བསྐྱར་ཁྱེར་བསྡད་ན་གྲོས་ཚོགས་ཀྱང་རླ་པོ་ཆགས་ཀྱི་འདུག དེ་རིང་ཉིན་གུང་ག་ཟི་དགེ་བཤེས་ཚེ་རིང་པོ་དང་མཉམ་དུ་གནད་དོན་བྱུང་བ་དེར། སྤྱི་འཐུས་མང་པོ་བློ་ཕམ་བྱུང་སོང་ཞེས་རྒྱབ་སྐྱོར་བྱེད་མཁན་ཅུང་ཉུང་དུ་སོང་འདུག སྤྱི་འཐུས་མང་པོས་ད་ཐེངས་གྲོས་ཚོགས་ནང་ཁྱེར་ནའང་གཏན་འབེབས་བྱ་ཐུབ་ས་མ་རེད་ཅེས་གསུངས་སོང་། མ་འོངས་པ་ཡིན་ནའང་རྒྱབ་སྐྱོར་ཐོབ་ཆེད་དུ་ག་རེ་བྱེད་དགོས་མིན་སྐོར་དགོངས་པ་བཞེས་དགོས་པ་རེད་”ཅེས་གསུངས་སོང་།
ཚོགས་གཙོས་མུ་མཐུད་ད་ཐེངས་ལས་འགུལ་དེ་མཚམས་འཇོག་རོགས་ཞེས་འབོད་སྐུལ་གནང་དོན། “མ་འོངས་པ་ལ་བསམ་བློ་བཏང་ནས་ད་ཐེངས་འདིར་བཞུགས་མི་དགོས་པ་བྱུང་ན་ཡག་པོ་ཡོང་ས་རེད་ཅེས་འབོད་སྐུལ་ཞུ་ཡི་ཡོད། རྣམ་པ་ཚོས་མུ་མཐུད་བཞུགས་རྒྱུ་ཡིན་གསུངས་ན། སྐུ་མཁྱེན། ཕྱོགས་གཅིག་ལ་བཞུགས་པ་ལས། སྤྱིི་འཐུས་ཚོ་ཕེབས་ལམ་སྟོང་པར་འཇོག་རོགས། ལག་པར་འཇུ་བ་དེ་འདྲ་བྱས་ན། ཕན་ཚུན་སུས་བྱས་ནའང་ནོར་འཁྲུལ་ཆེན་པོ་རེད། གནས་ཚུལ་འདིའི་འོག་བོད་སྤྱི་ལ་མཐོང་སྟངས་དང་། བོད་ནང་གི་ཇོ་ནང་པས་དགོངས་པ་བཞེས་སྟངས་ཁྱེད་རང་ཚོས་འགྲེལ་བཤད་རྒྱག་སྟངས་ལ་རག་ལས་ཀྱི་རེད། གནད་དོན་ག་འདྲ་ཞིག་ཡིན་ནའང་མང་གཙོའི་འགྲོ་ལུགས་ལྟར་བྱེད་དགོས་པས། གྲོས་ཚོགས་ཀྱི་ཐག་གཅོད་དེ་འདྲ་བྱུང་བསྡད་ཡོད་རེད། རྣམ་པ་ཚོས་དགོངས་པ་བཞེས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། མ་འོངས་པར་ག་འདྲ་ཡོང་དེའི་སྐབས་བལྟ་རྒྱུ་རེད། གཅིག་གིས་གཅིག་ལ་ལག་པ་འཇུ་བ་དང་དེ་འདྲ་བྱས་བསྡད་ན། གནས་སྟངས་སྡུག་ཏུ་འགྲོ་བ་ལས་ཡག་ཏུ་འགྲོ་ཡི་མི་འདུག སྤྱི་འཐུས་ཚོར་དེའི་ཐོག་བསམ་ཚུལ་ཤུགས་ཆེན་པོ་འདུག་”ཅེས་གསུངས་སོང་།
ཚོགས་གཙོས་ཁོང་ཚོའི་དགོས་འདུན་བཞིའི་ཐོག་གསལ་བཤད་གནང་དོན། “ཁྱེད་ཚོས་སྙན་ཞུ་བཏང་བ་མཉམ་དུ་༧རྒྱལ་བ་རིན་པོ་ཆེའི་བཀའ་ཡིག་ཡོད་པ་དེ་ང་ཚོར་ཀློག་མཁན་ཡོད་ལ། དེའི་ནང་ད་སྔ་བར་དུ་མཐུན་རྐྱེན་སྦྱར་བ་ཡིན། མ་འོངས་པར་ཡང་སྦྱར་གྱི་ཡིན་པ་གསུངས་དེར་སྤྱི་འཐུས་ཀྱི་ངོས་ནས་དེ་ལས་མཐོང་ཚུལ་གཞན་པ་གང་ཡང་མེད། ༢ ཆོས་ཚོགས་ཐེངས་༡༡ པའི་ཐོག་གི་གྲོས་ཆོད་ནང་ཇོ་ནང་པ་དེ་ལྟ་གྲུབ་རང་སྐྱ་འཕེར་བའི་ཆོས་བརྒྱུད་ཅིག་ཡིན་པ་དེ་མ་རེད་ཅེས་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་སུ་གཅིག་གིས་ལབ་མ་མྱོང་། དེ་ལ་ངོས་ལེན་ཡོད། ༣ ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་ཡིན་པའི་སྐབས་ཀྱི་གནས་སྟངས་དེར་ད་དུང་འགྱུར་བ་སོང་ཡོད་མ་རེད། རིན་པོ་ཆེའི་ཕྱག་བྲིས་ནང་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཐུན་འགྱུར་ག་རེ་དགོས་ནའང་། དེ་སྔོན་སྦྱར་ཡོད། མ་འོངས་པར་སྦྱར་གི་ཡིན། སྤྱི་འཐུས་མ་རག་པའི་རྒྱུ་མཚན་གྱིས་ཇོ་ནང་པའི་ལུང་རྟོགས་བསྟན་པ་ལ་ཉམས་རྒུད་འགྲོ་བ་གང་ཡང་མཐོང་གི་མེད་གསུངས་ཡོད་པ་རེད་”གསུངས་སོང་།
སྲིད་སྐྱོང་བློ་བཟང་སེང་གེས་གསུང་དོན། “མང་གཙོའི་འགྲོ་ལུགས་ལྟར་ཁྲིམས་བཟོ་ལྷན་ཚོགས་ནས་ཐག་གང་བཅད་པ་དེ་འཛིན་སྐྱོང་གིས་ལག་བསྟར་བྱེད་དགོས་རེད། མཚམས་རེར་བཀའ་ཤག་ཡིན་ནའང་གྲོས་ཚོགས་ནང་གྲོས་ཆོད་ཁྱེར་སྐབས། རྒྱབ་སྐྱོར་ཡོད་པ་དང་མེད་པ་གཉིས་ཀ་ཡོང་གི་རེད། མང་གཙོའི་སྒྲིག་འཛུགས་ལ་བརྩི་བཀུར་དགོས་པ་གལ་ཆེན་པོ་རེད། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་བཀའ་ཡིག་གནང་བ་བཞིན། དེ་ལག་བསྟར་བྱེད་ཀྱི་ཡོད་པ་རེད། དམིགས་བསལ་ཚོགས་ཆེན་སྐབས་ཡིན་ནའང་ས་གནས་ཚང་མའི་སྐུ་ཚབ་ཡོད་པ་བཞིན། ཇོ་ནང་པར་དམིགས་བསལ་རྐུབ་སྟེགས་ཕུལ་ཡོད་པ་རེད་”ཅེས་མི་མང་གི་དགོངས་ཚུལ་གསུང་སའི་སྡིངས་ཆ་བསྐྲུན་རྒྱུ་དེ་གལ་ཆེན་ཡིན་སྐོར་གསུངས་པ་དང་།
སྲིད་སྐྱོང་གིས་མུ་མཐུད་གསུང་དོན། བླ་ཆེན་ཁག་གི་ཚོགས་ཆེན་ཡིན་ནའང་ཇོ་ནང་ཆོས་བརྒྱུད་ལ་ཟུར་ཉན་མ་ཡིན་པའི་ཞབས་བཀྱགས་གཉིས་ཕུལ་ཡོད། རང་སྐྱ་འཕེར་བའི་ཆོས་བརྒྱུད་ལ་བརྩི་ཡི་ཡོད་ཅེས་པ་དེ་ཡིག་ཐོག་གཅིག་པུ་མ་ཡིན་པར། ༧གོང་ས་མཆོག་གི་དགོངས་གཞི་ལྟར་ལག་བསྟར་འགྲོ་བཞིན་ཡོད་ལ། ཆུང་ཚགས་ཐོག་ནས་སློབ་ཡོན་དང་རིགས་གཅིག་རྐང་འཛིན་ག་རེ་གནང་གི་ཡོད་ནའང་། ཆོས་བརྒྱུད་སྤྱི་ཡོངས་ལ་ཕུལ་བ་དེ་ཇོ་ནང་ལ་ཡང་གནང་གི་ཡོད། མ་འོངས་པར་མཐུན་རྐྱེན་ག་རེ་དགོས་ན་ཕུལ་རྒྱུ་ཡིན། གནས་ཚུལ་མ་ལྷག་པར་འབད་བརྩོན་གནང་ན་ཡག་གི་རེད། བོད་པའི་ནང་ཁུལ་དེ་གནས་ཚུལ་བྱུང་འདུག་ཟེར་བ་བྱུང་ན། སྤྱི་ཡོངས་ལ་བློ་ཕམ་ཡོང་གི་རེད། དགོངས་པ་རྒྱ་ཆེན་པོ་བཞེས་རོགས་”ཞེས་གསུངས་སོང་།
དེ་བཞིན་ཚོགས་གཙོ་གཞོན་པ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ད་ཐེངས་འགུལ་དེ་མཚམས་འཇོག་རོགས་དང་། མ་འོངས་པར་ག་འདྲ་གནང་དགོས་མིན་དགོངས་བཞེས་གནང་རོགས་ཞེས་འབོད་སྐུལ་གནང་སོང་།
ཟླ་འདིའི་ཚེས་༡༨ སྔ་དྲོ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྒོ་རུ་ཇོ་ནང་པའི་སྐྱ་སེར་དགུས་ཡིས་ཟས་བཅད་ལས་འགུལ་འགོ་འཛུགས་བྱས་པ་དང་། གཞན་པ་ཚོས་མུ་མཐུད་ཞི་འབོད་ཀྱི་ལས་འགུལ་སྤེལ་དེ་དགོས་འདུན་དེ་དག་ཁ་གསལ་མ་བྱུང་བར་ལས་འགུལ་དེ་དག་མཚམས་འཇོག་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཟླ་འདིའི་ཚེས་༡༩ ཉིན་གུང་གྲོས་ཚོགས་དགོས་འདུན་ཁ་གསལ་ཡོང་ཆེད་དོན་ཚན་བདུན་ཅན་གྱི་ཡིག་ཆ་ཞིག་ཕུལ་ཡོད་པ་དང། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོས་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིགས་སྤེལ་བའི་ནང་འཁོད་དོན། དང་པོ། ཆོས་རིག་ལས་ཁུངས་ཀྱིས་གཙོས་བཙན་བྱོལ་ནང་ཡོངས་གྲགས་སུ་བཀོལ་སྤྱོད་བྱེད་གཞིན་པའི་ཆོས་བརྒྱུད་ཆེན་པོ་གཞི་དང་གཡུང་དྲུང་བོན་དང་བཅས་པ་ཞེས་པའི་ཐ་སྙད་དེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་དང་བཅས་པ་ཞེས་པར་བསྐྱར་བཅོས་བྱ་དགོས།
གཉིས། དམིགས་བསལ་ཚོགས་ཆེན་དང་བོད་གཞུང་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སོགས་ཀྱི་སྟེང་ས་དགེ་བཀའ་རྙིང་སོགས་ལ་ཆོས་བརྒྱུད་སྤྱི་འཐུས་གཉིས་ཀྱི་ཐོག་མི་གྲངས་དྲུག་གི་ས་མིག་ཡོད་པ་ལྟར། ཇོ་ནང་པར་དམིགས་བསལ་གྱི་ས་མིག་གཅིག་ཙམ་མ་ཡིན་པར་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་དགོས།
གསུམ་པ། ཆོས་བརྒྱུད་ཚོགས་ཆེན་སོགས་སུ་ཇོ་ནང་པར་དམིགས་བསལ་གྱི་རྐུབ་སྟེགས་རེ་དང་། དགོན་པ་གཅིག་གི་ས་མིག་ཙམ་མ་ཡིན་པར། ཆོས་བརྒྱུད་གཞན་ཁག་ལ་ཐོང་ཐང་གང་ཡོད་པ་དེ་དག་སྤྲད་དགོས།
བཞི་པ། ཤེས་རིག་ལས་ཁུངས་ནས་འགྲེམས་སྤེལ་བྱེད་བཞིན་པའི་སློབ་དེབ་ཁག་གི་ནང་ས་དགེ་བཀའ་རྙིང་སོགས་ཀྱི་ཆོས་འབྱུང་སོགས་བཀོད་ཡོད་པ་ལྟར། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་སོགས་ཀྱང་ངེས་པར་དུ་འཁོད་དགོས།
ལྔ་པ། ཆོས་རིག་ལས་ཁུངས་ཀྱི་བཀོད་སྒྲིག་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་སློབ་དཔོན་དང་མཁན་པོ། དགེ་བཤེས་བཅས་ལས་གྲུབ་པའི་གཞུང་ཆེན་རིག་གཅིག་རྐང་འཛིན་མཁས་པའི་ཚོགས་ཆུང་ནང་ཇོ་ནང་པའི་འཐུས་ཚབ་སྤྱི་མཚུངས་དགོས་པ་དང་། དེ་བཞིན་དུ་རིགས་གཅིག་རྐང་འཛིན་སློབ་གཉེར་བའི་གྲངས་ཚད་ཀྱང་གཅིག་གྱུར་བཟོ་དགོས།
དྲུག་པ། བཅའ་ཁྲིམས་ལེའུ་ལྔ་པ། དོན་ཚན་སོ་བདུན་པའི་ནང་གསེས་༡ ཁ་པའི་ནང་གསལ་“རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ་”ཞེས་པ་ “རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། ཇོ་ནང། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ་”ཞེས་པར་བསྐྱར་བཅོས་བྱ་དགོས།
བདུན་པ། གོང་གསལ་དགོས་འདུན་ཁག་ལག་བསྟར་བྱེད་མི་འོས་པ་ཞིག་ལ་ངོས་འཛིན་བྱས་ཚེ། དཔལ་རྒྱལ་བ་ཇོ་ནང་པར་གོང་གསལ་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་སྤྲད་མི་འོས་པ་ཞིག་དང་། ཇོ་ནང་གིས་རྩོད་བཞིན་པ་དེ་བདེན་པ་མ་ཡིན་པའི་ཁུངས་སྐྱེལ་གསལ་བཤད་ངེས་པར་བྱ་དགོས།
དེ་ཡང་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་པ་ལྟར་ན། ཁོང་ཚོས་སྤྱི་འཐུས་ཚོར་སྙན་ཞུ་ཡར་སྤྲོད་སྐབས། སྤྱི་འཐུས་ག་ཟི་ཚེ་རིང་པོས་མི་སྒེར་གྱི་སྐུ་སྲུང་ཞིག་ཁྲིད་ཡོད་པ་དང་། ཁོང་གིས་སྙན་ཞུ་ལེན་རོགས་མ་བྱས་པར་ས་ལ་གཡུག་ནས། སྐུ་སྲུང་གིས་ང་ཚོ་བཀག་ནས་རྙོག་གྲ་བཟོ་མ་ཡོང་། ང་ཁམས་པ་ཡིན་ཞེས་འཇིགས་སྐུལ་བྱས་སྐོར་དང་། ཐེངས་འདིའི་དོན་རྐྱེན་ཚང་མ་བཟོ་མཁན་ཚངས་དབྱངས་རྒྱ་མཚོ་ཡིན། ཁོ་འདིར་སྡོད་ས་ཨེ་ཡོད་ལྟོས་ཞེས་འཇིགས་སྐུལ་དྲག་པོ་བྱས་སྐོར་འཁོད་འདུག་ལ། ཕན་ཚུན་གཉིས་ཀས་གཞུ་རེས་བྱས་དེ་འདྲ་བྱུང་མེད་སྐོར་འགྲེལ་བརྗོད་གནང་སོང་།
ག་ཟི་དགེ་བཤེས་ཚེ་རིང་པོས་འགྲེལ་བརྗོད་གནང་བ་ལྟར་ན། ཁོང་གྲོས་ཚོགས་སྒོ་རུ་སླེབས་པ་དང་གྲྭ་པ་ཞིག་ཁྱོད་ཐར་ས་མེད་ཅེས་བརྗོད་སོང་ལ། སྐབས་དེར་གཅིག་ཁོང་གི་ལག་པར་འཐམ་པ་དང་། གཅིག་གིས་ཕྲེག་པ་ནས་མར་མནན་སོང་། ཁོང་གི་ལག་པ་གཅིག་གི་ནང་རྒྱ་ཁུག་ཅིག་ཁྱེར་ཡོད། དེ་ལྟར་བྱས་ནས་ཁོང་གི་ཐོག་ཏུ་སྙན་ཞུ་དེ་གཡུག་ཡོད་ས་རེད། དེའི་སྐབས་ས་ལ་ཟགས་པ་ལས་ཁོང་གིས་ས་ལ་གཡུག་པ་དེ་འདྲ་བྱས་མེད་སྐོར་འགྲེལ་བརྗོད་གནང་སོང་།
གང་ལྟར་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་གྲོས་ཚོགས་ལ་ཕེབས་སྐབས་སྙན་ཞུ་ཤོག་བུ་སྤྲད་སྐབས་ལམ་ཁ་བཀག་ནས་སྐད་ཅོར་རྒྱག་པ་སོགས་ཟང་ཟིང་ཅུང་བྱུང་ཡོད་པ་མ་ཟད། སྲིད་སྐྱོང་དང་གྲོས་ཚོགས་ཚོགས་གཙོ་གཉིས་ཀྱིས་གསལ་བཤད་གནང་སྐབས་ཀྱང་། བོད་ནས་ཕེབས་པའི་མཆོག་སྤྲུལ་རིན་པོ་ཆེས་འདོད་པ་མ་ཁེངས་བའི་སྐད་ཆ་ཤུགས་ཆེན་ཡར་བཤད་ཡོད་པ་མ་ཟད། ལས་འགུལ་བའི་ནང་ནས་འདོད་པ་མ་ཁེངས་བའི་སྐད་ཅོར་ཆེན་པོ་བརྒྱབ་སྟེ། མི་གཅིག་གིས་“གསོད་ཐུབ་ན་གསོད་གི་ཡིན། ག་ཟི་ཚེ་རིང་པོ། ཇོ་རིན་པོ།” ཞེས་བརྗོད་ཡོད་པ་རེད།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཇོ་ནང་པས་ཁོང་ཚོར་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་ཀྱི་ཡོད་པའི་དགོས་འདུན་བཏོན་ཏེ། ལོ་མང་འགོར་ཡོད་པ་དང་། སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་བཅའ་ཁྲིམས་ནང་ཇོ་པའི་ཆོས་བརྒྱུད་འཁོད་དགོས་པའི་ཁྲིམས་འཆར་བཏོན་ཡོད་ནའང་། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོས་དེ་འདྲ་བྱས་ན་བོད་པའི་སྤྱི་ཚོགས་ནང་ཆོས་ལུགས་དང་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་མཁན་མང་པོ་ཡོང་རྒྱུ་ཡིན་སྐོར་དང་། དེ་ཚོ་ཚང་མར་འདྲ་མཉམ་སྤྲད་དགོས་སྐོར། ལོ་རྒྱུས་ཐོག་ནས་ཇོ་ནང་དེ་ས་སྐྱའི་ཁོངས་གཏོགས་ཡིན་པ་བཤད་སྲོལ་ཡོད་པ་ཁག་ཅིག་ལུངས་འདྲེན་དང། དེ་བཞིན་ཆོས་བརྒྱུད་ཡིན་མིན་གྱི་ས་མཚམས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འཇོག་ཤེས་རྒྱུ་ཞིག་མིན་སྐོར་གསུངས་ཏེ་དགག་པ་བརྒྱབ་པ་དང་། གྲོས་ཚོགས་ནང་མང་མོས་ཐོབ་མེད་པ་རེད། དེར་བརྟེན་ད་ཐེངས་གྲོས་ཚོགས་ཀྱི་སྒོ་ཁ་རུ་ཞི་འབོད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།