ཆེད་བརྗོད།
བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་དངོས་གཞིའི་འོས་བསྡུ་ལ་ཉིན་གཉིས་ལས་མེད་པའི་སྐབས་སུ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བརྒྱུད་ནས། ཕྱི་ཟླ་༣ ཚེས་༢༥ ཉིན་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བ་དང་། རྒྱུ་མཚན་དེའི་དབང་གིས་བཅའ་ཁྲིམས་ལ་བརྟེན་པའི་དཀའ་རྙོག་(constitutional crisis)འཕྲད་ཡོད་ཚུལ་སོགས་མང་པོ་ཞིག་གསུངས་སོང་ལ། མཁས་པས་བཤད་ན་ཅི་ཡང་བདེན།། སྙན་ངག་མཁན་ལ་ཅི་ཡང་རྒྱན།། ཞེས་པ་དང་། ཡིན་པ་ཞིག་མིན་པར་བསྒྲུབ་ཐུབ་པ་དང་། མིན་པ་ཞིག་ཡིན་པར་བསྒྲུབ་ཐུབ་ན་རིགས་ལམ་ལ་བྱང་བའི་ཚད་དུ་འཛིན་སྲོལ་ཡོད་པ་བཞིན། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་ནི་བོད་ཀྱི་ཆོས་དང་རིག་གནས་ཙམ་དུ་མ་ཟད། ཕྱི་ནང་གི་རིག་གནས་གང་ཐད་ནས་གཞན་དྲིང་མི་འཇོག་པའི་མཁས་དབང་ཆེན་པོ་ཞིག་ཡིན་པས་གུས་བཀུར་དང་གདེང་འཇོག་ཞུ་འོས་པ་དང་། ཁོང་གི་གསུང་ལ་བརྟག་དཔྱད་ཞིབ་འཇུག་ཀྱང་བྱེད་དགོས་པ་དང་བྱེད་ཆོག་པ་དེ་གནའ་དེང་གཉིས་ཀྱི་རིག་པའི་གཞུང་ལུགས་གང་ཐད་ནས་གཏན་ཁེལ་བའི་གནད་དོན་ཞིག་རེད།
སྐབས་དེར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་ཟིན་ནའང་། ཁྲིམས་ཞིབ་པ་གསར་འདེམས་བྱེད་པའི་སྐུ་དབང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཁྲིམས་ཞིབ་པ་ཆེ་བ་དམ་འབུལ་ཞུ་ཡུལ་བཅའ་ཁྲིམས་བསྐྱར་བཅོས་གཏོང་རྒྱུའི་སྐུ་དབང་ཡང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པས། གནད་དོན་དེ་བཅའ་ཁྲིམས་ལ་བརྟེན་པའི་དཀའ་རྙོག་ཅིག་ཏུ་ངོས་འཛིན་བྱེད་དཀའ། དེའི་རྗེས་སུ་སྤྱི་འཐུས་ཚོགས་གཙོ་དགོངས་པ་ཞུས་པར་བརྟེན་དཀའ་རྙོག་དེ་ཆེ་རུ་སོང་ཡོད་པ་དང་། གྲོས་ཚོགས་འཕར་མ་ཚོགས་བསྐོང་བྱ་རྒྱུ་ཡང་བཅའ་ཁྲིམས་དང་མཐུན་མིན་གྱི་གླེང་ཕྱོགས་བཟོ་མཁན་ཡང་བྱུང་ཡོད། དེའི་རྒྱུ་མཚན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་དང་། ཞེ་གཅིག་པ་གཉིས་ཀའི་ནང་”ཚོགས་གཙོ་ལྷན་རྒྱས་”ཞེས་པ་དེ་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ཀ་ཐུན་མོང་ནས་ཚོགས་འདུ་བསྡུ་བསྐོང་བྱེད་དགོས་པ་ལས། ཚོགས་གཞོན་གཅིག་པུས་ཚོགས་འདུ་བསྡུ་བསྐོང་བྱེད་མི་ཆོག་ཚུལ་འགྲེལ་བཤད་རྒྱག་བཞིན་ཡོད།
དོན་དངོས་སུ་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནི། སྔོན་མ་”འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་ནས་འཆར་འབུལ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཏན་འབེབས་མཛད་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང་། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།”ཞེས་དང་། ད་ལྟའི་ཆར་དོན་ཚན་བཞི་བཅུ་པ་ནི། ”འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང༌། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།”ཞེས་བཅོས་ཡོད་ཅིང་། སྔོན་མའི་ཚིག་དོན་དང་ད་ལྟའི་ཚིག་དོན་གཉིས་བསྡུར་ནས་བལྟ་དགོས་པ་གལ་ཆེན་པོ་ཡིན།
སྔོན་མ་སྤྱི་འཐུས་རྒྱུན་ལས་ནས་འཆར་འབུལ་གྱིས་༧གོང་ས་མཆོག་གིས་བཀའ་འཁྲོལ་གཏན་འབེབས་མཛད་དགོས་ཤིང་། ད་ལྟའི་ཚིག་བརྗོད་ནང་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་འབེབས་གནང་དགོས། གལ་སྲིད་སྐབས་འདིའི་ཚོགས་གཙོ་ལྷན་རྒྱས་ཞེས་པ་ཚོགས་གཙོ་སྦྲེལ་པོ་ཁོ་ནར་གོ་དགོས་ན། ལོ་སྔོན་མ་བཅའ་ཁྲིམས་དོན་ཚན་འདི་དང་འགལ་ཚུལ་གྱིས་རྒྱུན་ལས་ཚང་མར་རྒྱུག་པ་ལེབ་རྡུང་བྱེད་དགོས་དོན་མེད་ལ། དོན་དངོས་སུ་ཚོགས་གཙོ་ལྷན་རྒྱས་ཞེས་པ་ཚོགས་གཙོ་སྦྲེལ་པོ་དང་རྒྱུན་ལས་བཅས་ལ་གོ་དགོས་པ་དེ། ཚིག་བརྗོད་རྙིང་པའི་ནང་འཆར་འབུལ་ཞུ་མཁན་རྒྱུན་ལས་ཡིན་པས་ཤེས་ཐུབ། ད་དུང་བོད་གཞུང་གི་ལོ་རྒྱུས་ནས་བརྒྱུད་པའི་ཡིག་སྲོལ་དུ། ”ཆོས་རིག་བཀའ་བློན་ལྷན་རྒྱས་ཀྱི་དྲུང་དུ་”ཞེས་འབྲི་སྲོལ་ཡོད་པ་དེ་ཆོས་རིག་བཀའ་བློན་དང་གཤམ་འོག་གི་འབྲེལ་ཡོད་ལས་བྱེད་བཅས་ལ་གོ་དགོས་པ་བཞིན། ཁྲིམས་སྒྲིག་ཁག་ཏུ་ཚོགས་གཙོ་ཚོགས་གཞོན་དང་། ཚོགས་གཙོ་སྦྲེལ་པོ་ལས་ཚོགས་གཙོ་ལྷན་རྒྱས་ཞེས་པ་ཚོགས་གཙོ་ཚོགས་གཞོན་ལ་གོ་བའི་སྐབས་ནམ་ཡང་མེད།
མདོར་ན་ད་ལྟའི་ཆར་བཅའ་ཁྲིམས་ཀྱི་དཀའ་རྙོག་དངོས་སུ་འཕྲད་མེད་ཀྱང་། རྒྱ་ནད་ཀྱི་དཀའ་ངལ་ལ་བརྟེན་ནས་ཕྱི་ཚེས་༢༠ ཉིན་གྱི་ཚོགས་འདུ་འཕར་མ་འཚོགས་མ་ཐུབ་པ་དང་། ཟླ་མཇུག་ཏུ་སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམས་དམ་འབུལ་བྱེད་མ་ཐུབ་ན། བཅའ་ཁྲིམས་དོན་ཚན་སོ་དགུ་པར་གསལ་བ་བཞིན། སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་རེའི་ཡུན་ཚད་ལོ་ལྔ་རེ་ཡིན་པས། ཕྱི་ཟླ་༥ ཚེས་༣༡ ཉིན་སྐབས་བཅུ་དྲུག་པའི་དུས་ཡུན་ཡོངས་སུ་གཙང་ཟིན། དེའི་རྗེས་སུ་ལས་དོན་ག་རེ་བྱེད་དགོས་ཀྱང་བཅའ་ཁྲིམས་ཀྱི་ཐོག་ནས་གཞི་འཛིན་ས་ཞིག་གང་ཡང་གསལ་མེད་པས། དོན་དངོས་སུ་བཅའ་ཁྲིམས་ལ་བརྟེན་ནས་དཀའ་རྙོག་ངོ་མ་དེ་དངོས་སུ་འཕྲད་ངེས་རེད། རྒྱ་ནད་གདུག་པ་ཅན་འདི་ལ་བརྟེན་ནས་ལོ་སྔ་རྗེས་སུ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་དཀའ་ངལ་འཕྲད་ཡོད་པ་བཞིན། བཙན་བྱོལ་བོད་པའི་སྤྱི་ཚོགས་དང་མང་གཙོའི་ཀ་བ་གསུམ་གྱི་ལས་དོན་ཐོག་དཀའ་ངལ་མང་དག་ཅིག་འཕྲད་ཡོད་པ་མ་ཟད། གོང་དུ་བརྗོད་པ་བཞིན་དངོས་སུ་དཀའ་ངལ་དེ་འཕྲད་ན་བཅའ་ཁྲིམས་རང་གི་ཐོག་ནས་བཟློག་ཐབས་ཤིག་གཏན་ནས་མེད།།