བཙན་བྱོལ་བོད་མི་མང་དག་ཅིག་གི་ཁོག་པར་དོལ་རྒྱལ་ཞུགས་གདའ།
གླང་དར་ཚ་བོ།
བོད་ཀྱི་ལྷ་མི་ཡོངས་ཀྱིས་དོལ་འདྲེ་རུ་འབོད་པའི་ཤུགས་ལྡན་ཟེར་བ་དེ་དེང་སྐབས་བཙན་བྱོལ་བོད་མི་མི་ཉུང་བ་ཞིག་གི་ཁོག་ཏུ་འཛུལ་ཟིན་པ་ལྟ་བུར་མཐོང་། བོད་གཞིས་ལུས་དཔའ་བོ་དཔའ་མོ་དུ་མའི་ཚེ་སྲོག་རྩ་ཆེན་དེ་དག་མི་རིགས་ཀྱི་སླད་དུ་ཕུལ་དང་འབུལ་བཞིན་པའི་ཛ་དྲག་གི་དུས་དེར་ཡང་། གཏིང་བརྗེད་དུ་འགྲོ་བཞིན་པར་བསམ་ན། ཏན་ཏན་དོལ་རྒྱལ་ཞུགས་ཚར་འདུག
དེ་ཡང་གཏིང་བརྗེད་དུ་འགྲོ་ཡོད་ཚུལ་ཞུས་ན། བར་སྐབས་ཤིག་ལ་བོད་མི་རིགས་ལ་བདག་དབང་དང་ཐོབ་ཐང་ཡོད་པའི་རང་བཙན་ཞེས་པའི་ཚིག་དེ་རང་དབང་ལུང་པ་ནས་ལབ་མི་ཐུབ་པའི་གནས་སུ་གྱར་ཡོད། མི་ལོ་ཧྲིལ་བོ་དྲུག་བཅུ་མ་ཟིན་ཙམ་གྱི་ནང་དུ་རང་དབང་རང་བཙན་སླར་གསོའི་དོན་དུ་ཤི་སོང་བའི་དཔའ་རྒོད་ཕོ་མོ་ཁྲི་ཁྲག་མང་པོའི་རྒྱལ་ཞེན་དང་དཔའ་སྙིང་ལ་གུས་བཀུར་སྤུ་རྩེ་ཙམ་ཡང་མེད་པར་རླུང་ལ་བསྐུར་སོང་ཆུ་ལ་བསྐྱུར་ཐལ། ད་དུང་རང་བཙན་འཐབ་རྩོད་པ་རྒྱལ་ཞེན་ཅན་དག་ལ་ལྟ་སྟངས་དེ་ནི་རྒྱ་དམར་གུང་ཁྲན་ལས་ཀྱང་སྡུག་པ་ཞིག་ཏུ་ངོས་འཛིན་བྱས་སོང་། གནད་དོན་འདི་དག་ལ་ཞིབ་ཀྱིས་བསམ་ན་དོལ་འདྲེ་དེ་ཁོག་ཏུ་ཞུགས་པའི་མ་ཚད་ཤ་གསེང་རུས་གཏིང་ན་འཐིམས་ཡོད་པར་སྣང་།
བོད་ནང་གི་བོད་རིགས་སྤུན་ཟླ་དག་ལ་མཚོན་ན་གཉའ་གནོན་དང་བཙན་འཛུལ་འོག་གནས་ཡོད་ཀྱང་། ཆོལ་ཁ་དང་ཆོས་ལུགས། ལུང་ཚན་དང་ཁྱོད་ང་ཞེས་རྩོད་གི་མེད་པ་མ་ཟད། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་ཞེས་ཞེན་སྐུལ་ཡིག་ངག་གཉི་ག་ནས་གནང་གི་ཡོད། ད་དུང་ལག་བསྟར་ཡང་དེ་ལུགས་གནང་གིན་པར་མིག་སྔར་རིག་རྒྱུ་ཡོད་པ་དེ་རེད།
འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ནི་ཞེན་ཁོག་དང་ཕྱོགས་ལྷུང་ཁོ་ནར་འབོད་ཀྱིན་པ་ལས་བོད་ཀྱི་འདས་མ་ད་གསུམ་ལ་བསམ་བློ་གཏོང་མཁན་ཧ་ཅང་གི་དཀོན་པོ་རེད། ང་ཨ་མདོ་དང་ཁྱོད་ཁམས་པ། ཁོ་དབུས་གཙང་ཞེས་རྒྱ་གཞུང་གི་གཏོར་བཤིག་མི་དགོས་པར་བོད་པ་རང་ཉིད་ཀྱིས་ཆོལ་ཁ་གསུམ་ཁ་བྲལ་དུ་བཏང་སྟངས་དེས་ཀྱང་ངུ་བྲོ་བ་ཞིག་ཅི་ལ་མིན། ལྷག་པར་དུ་དེང་སྐབས་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་ནང་དུ་བལྟས་ཡོང་དུས། ཕ་ཡུལ་གཅིག་པ་དང་ཆོལ་ཁ་གཅིག་པ་ཡིན་པའི་རྒྱུ་མཚན་ཁོ་ན་ཡིས་འོས་མི་གང་དེར་རྒྱབ་སྐྱོར་བྱེད་ཉག་གཅིག་ལས། འོས་མི་དེའི་སྐྱོན་ཡོན་གང་ལ་ཡང་མི་ལྟ་བའི་གནད་དོན་འདི་དག་ལ་བསམ་ན་སོ་སོའི་གནས་སྟངས་དང་གཞིས་ལུས་བོད་མི། འདས་ཟིན་པའི་དཔའ་རྒོད་དག་གཏིང་བརྗེད་དུ་ཕྱིན་ཚར་འདུག་པས་ན། བཙན་བྱོལ་བོད་མི་གང་མང་གི་ཡར་ཁོག་ཏུ་དོལ་ཞུགས་འདུག་ཅེས་ལབ་ཀི་ཡོད་དོ།།