བརྒྱ་ཆ་དེ་དངོས་ཡོད་མ་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༧༢  ཕྱི་ལོ་ ༢༠༡༥/༡༢/༩
བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པ་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གྲུབ་ནས་ཟླ་འདིའི་ཕྱི་ཚེས་༤ ཉིན་དབུས་འོས་བསྡུ་ལས་ཁང་ནས་གྲུབ་འབྲས་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཚ་ཚ་འུར་འུར་དང་འགྲན་རྩོད་ཆེན་པོའི་རྣམ་པའི་ཐོག་ནས་འོས་གཞིར་ཞུགས་པ་དང། རྒྱབ་སྐྱོར་བྱེད་པ། ཁྱབ་བསྒྲགས་དང། དཀྲོག་གཏམ་སྤེལ་བ་སོགས་མཚམས་ཅུང་ཙམ་ཆད་ནས། འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་བའི་སྤྱི་ཚོགས་ཆུང་ཆུང་འདི་ཉིད་རེ་ཞིག་ཞི་འཇམ་གྱི་རྣམ་པ་ལྟ་བུ་ཞིག་ཏུ་གྱུར་སོང། འཆར་ལ་ཉེ་བའི་ལོ་འདིའི་ཕྱི་ཟླ་༣ ཚེས་༢༠ ཉིན་དངོས་གཞིའི་འོས་བསྡུ་ཡིན་པས། དངོས་གཞིའི་འོས་གཞི་གསལ་བསྒྲགས་ཟིན་པ་ནས་བཟུང་སླར་ཡང་སྤྱི་ཚོགས་ཆུང་ཆུང་འདི་ཉིད་ཟླ་ཤས་རིང་ཁྱབ་བསྒྲགས་དང། དཀྲོག་གཏམ་གྱི་འོག་ནས་འཁྲུག་ཆ་དོད་པོ་ཆགས་རྒྱུ་ཉག་གཅིག་རེད།

འོས་བསྡུ་ལས་ཁང་ནས་དེབ་འགོད་བྱེད་མཁན་གྱི་གྲངས་འབོར་དང། དངོས་སུ་འོས་ཤོག་འཕེན་མཁན་གྱི་གྲངས་འབོར་གཉིས་གཞིར་བཟུང་ནས། སྐབས་འདིར་ཡང་དེབ་སྐྱེལ་བྱེད་མཁན་གྲངས་༨༨༣༢༦ ལས་དངོས་སུ་སྲིད་སྐྱོང་ལ་འོས་འཕེན་མཁན་བརྒྱ་ཆ་༥༣.༣༣ རེད་ཅེས་གསལ་བསྒྲགས་སྐབས་གསུངས་འདུག་ཀྱང། འོས་བསྡུ་ལས་ཁང་ནས་བསྒྲགས་པའི་བརྒྱ་ཆ་དེ་དངོས་ཡོད་གནས་ཚུལ་རེད་དམ་ཞེ་ན་རྩ་བ་ནས་མ་རེད། རང་བཙན་ལག་དེབ་ནང་འོས་འཕེན་བྱེད་ཆོག་པའི་དེབ་སྐྱེལ་གཅིག་བྱས་ཟིན་རྗེས། ཇི་སྲིད་ལག་དེབ་དེ་ཉིད་བེད་སྤྱོད་མེད་པར་མ་གྱུར་པ་དེ་སྲིད་དུ་རྒྱ་བལ་འབྲུག་གསུམ་ནང་འོས་འཕེན་ཆོག་པའི་དེབ་སྐྱེལ་བསྐྱར་དུ་བྱེད་མི་དགོས་པ་དང། བཙན་བྱོལ་བོད་པའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་གནས་སྟངས་ལ་གཞིག་ན། གོ་སྐབས་ཡོད་མེད་དང་ནུས་པས་འདེང་མིན་ཙམ་ལས། གནས་སྐབས་ཀྱི་འགྲུལ་ཚུགས་ལྟ་བུར་བསམ་བློ་བཏང་ནས་མཐར་ས་གནས་གཞན་ཞིག་ཏུ་བསྐྱོད་རྒྱུའི་འཆར་གཞི་མེད་མཁན་ནི་ཧ་ཅང་དཀོན་པོར་གྱུར་ཡོད།

དེར་བརྟེན་ནུབ་ཕྱོགས་སུ་གནས་སྤོ་བྱེད་མཁན་དང། བོད་དུ་ཕྱིར་ལོག་བྱེད་མཁན་ནི་ལོ་རེ་ནས་ལོ་རེ་བཞིན་མང་ནས་མང་དུ་འགྲོ་བཞིན་ཡོད་པ་དང། དེ་དག་གི་འོས་བསྡུའི་དེབ་སྐྱེལ་ས་གནས་ཕལ་ཆེ་བའི་གྲངས་འབོར་ནང་རང་འཇགས་ལྷག་ཡོད་ལ། དེའི་སྟེང་ལོ་བཅོ་བརྒྱད་ལོན་པ་དང་གསར་དུ་དེབ་འགོད་བྱེད་མཁན་རྣམས་བསྣན་པ་ལས། འདས་གྲོངས་སུ་གྱུར་པ་དང། ས་ཆ་གཞན་དུ་གཏན་བསྐྱོད་བྱས་པ་སོགས་ཞིབ་ཕྲའི་ཐོག་ནས་གཅོག་འཐེན་བྱེད་ཐུབ་མེད་པ་ནི་ཧ་ཅང་གསལ་པོ་རེད། དཔེར་ན་དྷ་རམ་ས་ལ་གཅིག་པུར་མཚོན་ན་དེབ་སྐྱེལ་བྱེད་མཁན་གྱི་གྲངས་འབོར་དང། དངོས་སུ་འོས་འཕེན་པའི་གྲངས་འབོར་གཉིས་ལ་ཧེ་བག་ཆེན་པོ་ཡོད་པ་རེད། དོན་དངོས་སུ་དྷ་རམ་ས་ལར་འོས་འཕེན་ཆོག་པའི་མི་འབོར་དེ་འདྲའི་མང་པོ་ཞིག་མེད་ནའང། སྔོན་མ་དྷ་སར་གནས་སྐབས་བསྡད་ནས་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་རྣམས་རིམ་གསོག་བྱས་པའི་གྲངས་འབོར་ཙམ་རེད། དེར་བརྟེན་ས་གནས་གཞན་ཕལ་ཆེ་བ་རུའང་གནས་ཚུལ་གཅིག་མཚུངས་ཡིན་པས་འོས་འཕེན་པའི་བརྒྱ་ཆ་འདི་ཉིད་ཏག་ཏག་ཡིན་པ་ཞིག་ཏུ་བརྩི་དཀའ།

དེ་བཞིན་ནུབ་ཕྱོགས་ཡུལ་ཁག་ཏུ་བསྐྱོད་མཁན་དག་གིས་ས་གནས་སོ་སོ་ནས་བསྐྱར་དུ་དེབ་འགོད་བྱེད་དགོས་པས། རྒྱ་གར་དང། ཕྱི་རྒྱལ་གྱི་ཐོ་ཁོངས་སུ་ཉིས་ལྡབ་ཆགས་ཡོད། སྤྱིའི་རྩ་འབོར་དེ་ཏག་ཏག་མེད་པར་དོན་དངོས་ལས་མང་བ་དང། དངོས་སུ་འོས་འཕེན་པའི་བརྒྱ་ཆ་དེ་ཉུང་ངུ་ལས་མེད་པ་ལྟ་བུ་ཆགས་དུས། བཙན་བྱོལ་བོད་མིས་འོས་བསྡུ་ལ་དོ་སྣང་བྱེད་ཀྱི་མེད་པ་མ་ཟད། རང་ཉིད་ཀྱི་འགོ་ཁྲིད་དང་སྐུ་ཚབ་འདེམས་པར་འགན་མི་ཁུར་བ་དང། རྩ་དོན་འཐབ་རྩོད་ལའང་འགན་ཁུར་མི་ལེན་པའི་བརྡ་ལན་ནོར་བ་ཞིག་སྤྲད་ཡོང་ངེས་རེད་ལ། དེ་བཞིན་འོས་བསྡུ་ལས་ཁང་ནས་ཀྱང་མི་མང་ལ་འོས་བསྡུའི་གལ་གནད་གོ་རྟོགས་སྤེལ་མ་ཐུབ་པ་ཞིག་ཏུའང་གྱུར་ཡོད། དེར་བརྟེན་དངོས་སུ་འོས་འཕེན་པ་སྤྱིའི་གྲངས་འབོར་ནས་སྲིད་སྐྱོང་དང། སྤྱི་འཐུས་སོ་སོར་བརྒྱ་ཆ་འདི་དང་འདི་ཐོབ་འདུག་ཅེས་བརྗོད་འོས་པ་ཙམ་ལས། སྤྱི་ཡོངས་དེབ་འགོད་བྱས་པ་ལས་དངོས་སུ་འོས་འཕེན་པའི་བརྒྱ་ཆ་ཞིག་བཀོད་པ་འདི་ནི་རྒྱུན་སྲོལ་ཙམ་ལས་བཟང་ཆ་མེད་པར་སྐྱོན་དུ་གྱུར་ཡོད།

གལ་སྲིད་བརྒྱ་ཆ་དེ་ངེས་པར་འགོད་དགོས་ན། ལོ་ལྔ་རེའི་མཚམས་བསྐྱར་དུ་འོས་བསྡུའི་དེབ་སྐྱེལ་རེ་བྱེད་དགོས་པ་བཟོས་ན་ཏག་ཏག་ཡོང་ཐུབ་པ་ལས། ད་ལྟའི་ཁྱབ་བསྒྲགས་འདི་དངོས་ཡོད་མིན་པས་མ་འོངས་པར་བསམ་བློ་ངེས་པར་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་འོས་བསྡུ་ལས་ཁང་ནས་སྤྱི་ཚོགས་ཀྱི་ལྟ་ཚུལ་ལ་ངོས་འཛིན་བྱེད་སྟངས་ནི། “བོད་མིའི་སྒྲིག་འཛུགས་དང་དབུས་འོས་བསྡུ་ལས་ཁང་ལ་མིང་ཆད་བཟོ་འདོད། ཡང་ན་མང་ཚོགས་འགོ་འཐོམ་དུ་འཇུག་པ་གང་ཡིན་ཆ་མ་འཚལ་”ཞེས་སོགས། བསམ་ཚུལ་འདོན་མཁན་རྣམས་ལ་ཞྭ་མོ་ནག་པོ་ཞིག་གཡོགས་ཐབས་བྱེད་པ་ཁོ་ན་ལས། མང་གཙོའི་རྒྱུན་སྲོལ་གྱི་ཐོག་ནས་བསམ་ཞིབ་གནང་མི་སྲིད་པས། གནས་ཚུལ་འདི་དག་བརྗོད་པ་ཙམ་ལས་བཟང་ཕྱོགས་ཀྱི་ནུས་པ་ཞིག་ཐོན་མི་སྲིད་པ་ནི་སྨྲོས་མ་དགོས་པ་རེད། འོན་ཀྱང་འོས་བསྡུ་ལས་ཁང་ནས་ཁྲིམས་མཐུན་ཡིན་ཚུལ་བཤད་པ་ཁག་ཅིག་ལ་ཁྲིམས་ཐོག་ནས་བརྡར་ཤ་གཅོད་མཁན་ཞིག་བྱུང་ན། དེ་དུས་ཁུངས་འཁྱོལ་ཨེ་ཡོང་བལྟ་ཆོག་གི་རེད།།