བལ་ཡུལ་གྱི་བུད་མེད་སྲིད་འཛིན་ཐོག་མ།

ཟླ་འདིའི་ཚེས་༢༨ ཉིན་བལ་ཡུལ་གྲོས་ཚོགས་ནང་སྲིད་འཛིན་གྱི་འོས་བསྡུའི་ཁྲོད། ལོ་ན་༥༤ ཡིན་པའི་བྷི་དེ་ཡ་ཌེ་ཝི (Bidya Devi Bhandari)ལ་ཁྱོན་འོས་གྲངས་༣༢༧ ཐོབ་སྟེ། བལ་ཡུལ་གྱི་བུད་མེད་སྲིད་འཛིན་ཐོག་མར་དེ་ཆགས་ཡོད་པ་རེད།

12188304བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བྷི་དེ་ཡ་ཌེ་ཝི་ནི་ཕྱི་ལོ་༡༩༧༩ ལོ་ནས་སློབ་མའི་ལས་འགུལ་ལ་མཉམ་ཞུགས་བྱས་ཏེ་ཆབ་སྲིད་ཀྱི་མདུན་ལམ་འགོ་འཛུགས་བྱས། ཕྱི་ལོ་༢༠༠༩ ནས་༢༠༡༡ བར་བལ་ཡུལ་གྱི་བདེ་སྲུང་བློན་ཆེན་བྱས་ཏེ། མའོ་གྱེན་ལོག་རུ་ཁག་ལ་ཁ་གཏད་བཅགས་ཡོད་པ་དང། ད་ལྟའི་ཆར་བལ་ཡུལ་དམར་ཤོག་ཚོགས་པའི་ཚོགས་གཞོན་ཡིན་པ་རེད།

སྲིད་འཛིན་ཆགས་ནས་ཁོང་གིས་བུད་མེད་ཀྱི་ཐོབ་ཐང་ལ་རྩོད་ལེན་ཤུགས་ཆེན་བྱེད་རྒྱུ་ཁས་ལེན་བྱས་ཡོད་འདུག་ཀྱང། བུད་མེད་གྱི་ཐོབ་ཐང་རྩོད་ལེན་པ་མང་པོས། ཁོང་གིས་སྔར་བལ་ཡུལ་གྱི་བུད་མེད་ཐོབ་ཐང་རྩོད་ལེན་བྱེད་ཕྱོགས་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཡོད་སྐོར་སྐྱོན་བརྗོད་རྩོམ་ཡིག་བྲིས་ཡོད་ཁར། བལ་ཡུལ་གྱི་མི་སེར་ལག་ཁྱེར་གྱི་ཁྲིམས་ནང། གལ་ཏེ་བལ་ཡུལ་གྱི་བུད་མེད་ཅིག་ལུང་པ་གཞན་གྱི་སྐྱེས་པ་མཉམ་དུ་ཆང་ས་བརྒྱབ་ཚེ། སྐྱེས་པ་དེ་ལ་མི་སེར་ལག་ཁྱེར་རག་གི་མེད་པ་དང། གལ་ཏེ་བལ་ཡུལ་གྱི་སྐྱེས་པ་ཞིག་ལུང་པ་གཞན་གྱི་བུད་མེད་མཉམ་དུ་ཆང་ས་བརྒྱབ་ཚེ། བུད་མེད་དེ་ལ་མི་སེར་ལག་ཁྱེར་ཐོབ་ཀྱི་ཡོད་པས། བུད་མེད་ལ་དབྱེ་འབྱེད་ཀྱི་ཁྲིམས་དེར་ཁོང་གིས་རྒྱབ་སྐྱོར་བྱས་པར་བརྟེན། ཁོང་ནི་བུད་མེད་ཐོབ་ཐང་རྩོད་ལེན་པ་ཞིག་མིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག ཕྱི་ལོ་༢༠༠༦ ལོར་ཁོང་གིས་གྲོས་ཚོགས་ནང་བུད་མེད་བརྒྱ་ཆ་༣༣ ཉུང་མཐར་དགོས་པའི་གྲོས་ཆར་བཏོན་ཏེ་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་རེད་འདུག།

བལ་ཡུལ་གྱི་སྲིད་འཛིན་ནི་དམག་གི་འགོ་ཁྲིད་མཐོ་ཤོས་ཡིན་པ་ལས། ཆབ་སྲིད་ལ་ཐད་ཀར་ཤུགས་རྐྱེན་སྤྲད་པའི་ནུས་པ་མེད་པ་རེད་འདུག

གསར་འགོད་པ་སྐལ་བཟང་དོན་གྲུབ།