བལ་ཡུལ་གྱི་སྤོག་ར་རྒྱལ་སྤྱིའི་གནམ་ཐང་དེ་རྒྱ་ནག་གི་བུ་ལོན་གྱི་ཞགས་ཐག་ཡིན་ནམ།
རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་འོག་བལ་ཡུལ་དུ་སྤོག་ར་( pokhara International Airport) རྒྱལ་སྤྱིའི་གནམ་ཐང་ཟེར་བ་ཞིག་གསར་རྒྱག་ཟིན་པ་དང། གནམ་ཐང་དེ་སྒོ་འབྱེད་བྱས་ནས་ད་བར་ཟླ་བ་ལྔ་ཕྱིས་ཟིན་ན་ཡང་གནམ་ཐང་གི་བདེ་འཇགས་དང་འབྲེལ་བའི་གནད་དོན་འགའ་ཡི་རྐྱེན་པས་རྒྱལ་སྤྱིའི་གནམ་གྲུ་གཅིག་ཀྱང་ད་བར་ཡོང་མཁན་བྱུང་མེད་པར་བརྟེན། མི་མང་པོས་གནམ་ཐང་དེ་རྒྱ་ནག་གི་བུ་ལོན་གྱི་ཞགས་ཐག་མིན་ནམ་ཟེར་བའི་དོགས་གཞི་ཆེན་པོ་ཞིག་ཡོང་བཞིན་ཡོད་འདུག

ཟླ་བ་འདིའི་ཚེས་༡༣ ཉིན་རྒྱ་གར་གྱི་(wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་བ་ལྔའི་སྔོན་ནས་རྒྱ་ནག་གཞུང་གིས་བལ་ཡུལ་ནང་རྒྱལ་སྤྱིའི་གནམ་ཐང་ཞིག་གསར་རྒྱག་ཟིན་ནས་སྒོ་འབྱེད་ཀྱང་བྱས་ཟིན་ན་ཡང། ད་བར་རྒྱལ་སྤྱིའི་གནམ་གྲུ་གཅིག་ཀྱང་ཡོང་མཁན་བྱུང་མེད་པ་དང། གནམ་ཐང་སྒོ་འབྱེད་མ་བྱས་གོང་གནམ་ཐང་དེ་དང་འབྲེལ་བའི་རྙོག་གླེང་མང་པོ་ཞིག་བྱུང་ཡོང་འདུག
གནམ་ཐང་སྒོ་འབྱེད་མ་བྱས་པའི་ཉིན་གཅིག་གི་སྔོན་ལ་ཀ་ཐ་མན་གྲུའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པས་ཁྱབ་བསྒྲགས་བྱས་དོན་ལ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་འོག་བལ་ཡུལ་ནང་སྤོག་ར་རྒྱལ་སྤྱིའི་གནམ་ཐང་ཟེར་བ་ཞིག་གསར་རྒྱག་བྱས་ཡོད་པ་དང། གནམ་ཐང་དེས་མ་འོངས་པར་བལ་ཡུལ་གཞུང་དང་བལ་ཡུལ་མི་དམངས་ལ་ཕན་ཐོགས་ཡོང་རྒྱུ་ཡིན་རབས་བརྗོད་ཡོད་ཀྱང། གནམ་ཐང་སྒོ་འབྱེད་བྱས་ནས་བདུན་ཕྲག་གཉིས་ཀྱི་རྗེས་སུ་བལ་ཡུལ་ནང་གནམ་གྲུ་(ATR 72 )ཟེར་བ་ཞིག་བརྡབ་སྐྱོན་ཤོར་ནས་མི་༧༢ ནས་མི་༦༨ སྲོག་ཤོར་ཡོད་པ་དང། གནམ་གྲུ་དེ་ཐོག་མར་གནམ་ཐང་གསར་པ་(Pokhara International Airport)སྤོག་ར་རྒྱལ་སྤྱིའི་གནམ་ཐང་ཐོག་འབབ་ཐབས་བྱས་ཡོད་ཀྱང། འབབ་མ་ཐུབ་ནས་གནམ་ཐང་གསར་པ་དང་གནམ་ཐང་རྙིང་པའི་བར་གྱི་གཙང་པོ་(The bank of the Seti River)ཟེར་བ་ཞིག་གི་འགྲམ་དུ་བརྡབ་སྐྱོན་ཤོར་ནས་མི་ཤི་དོན་རྐྱེན་ཚབས་ཆེན་བྱུང་ཡོད་འདུག
རྒྱ་ནག་གི་བུ་ལོན་གྱི་ཞགས་ཐག
བལ་ཡུལ་གྱི་(the Annapurna Express) ཟེར་བའི་གསར་ཁང་གིས་བརྗོད་དོན་ལ། ཕྱི་ལོ་༢༠༡༦ ཟླ་༣ པའི་ནང་རྒྱ་ནག་གིས་ཨི་སིན་དངུལ་ཁང་(Exin bank )ཟེར་བ་ཞིག་ནས་བལ་ཡུལ་ནང་གནམ་ཐང་གསར་རྒྱག་ཆེད་དུ་ཨ་སྒོར་ས་ཡ་༢༡༥.༩༦ བུ་ལོན་སྤྲད་ཡོད་འདུག སྲིད་དོན་དཔྱད་བརྗོད་པ་འགའ་ཤས་བརྗོད་དོན་ལ་སྤོག་ར་གནམ་ཐང་གསར་པ་དེ་རྒྱ་གར་གྱི་བདེ་སྲུང་ལ་འགོག་རྐྱེན་ཡོང་སྲིད་པ་ཞིག་ཡིན་འདུག རྒྱུ་མཚན་ནི་སྤོག་ར་གནམ་ཐང་ནས་རྒྱ་གར་གྱི་ཨུ་ཏར་པར་དེ་ཤི་མངའ་སྡེ་(Uttar pradesh )དང་ཧ་ཅང་ཐག་ཉེ་པོ་ཆགས་ཀྱི་ཡོད་ཅིང། ཨུ་ཏར་པར་དེ་ཤི་མངའ་སྡེའི་ནང་རྒྱ་གར་གྱི་གནམ་དམག་གི་རྟེན་གཞི་ཆེན་པོ་ཞིག་ཡོད་འདུག སྤྱི་བཏང་གི་གནམ་གྲུ་ནས་ཡོང་ན། བལ་ཡུལ་སྤོག་ར་གནམ་ཐང་ནས་རྒྱ་གར་གྱི་ཨུ་ཏར་པ་དེ་ཤི་མངའ་སྡེ་ནང་ཡོད་པའི་གྷོ་རག་པུར་(Gorakhapur)གནམ་ཐང་བར་དུ་སྐར་མ་ཉི་ཤུ་ལས་ཉུང་བ་འགོར་གྱི་ཡོད་པ་དང། དམག་གི་གནམ་གྲུའི་ནང་ཡོང་ན་
བལ་ཡུལ་སྤོག་ར་གནམ་ཐང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་ཆུ་ཚོད་གཅིག་མ་ཟིན་ཙམ་གྱི་ནང་འབྱོར་ཐུབ་གྱི་ཡོད་འདུག
གལ་སྲིད་རྒྱ་དཀར་ནག་བར་དམག་འཁྲུག་འདྲ་བྱུང་ན་རྒྱ་ནག་གིས་བལ་ཡུལ་གྱི་སྤོག་ར་གནམ་ཐང་བེད་སྤྱོད་བྱས་ནས་དུས་ཡུན་ཐུང་ཐུང་ནང་རྒྱ་གར་གྱི་རྒྱལ་སར་ཡོང་ཐུབ་རྒྱུ་ཡོད་པ་རེད།
བལ་ཡུལ་མི་དམངས་མཁའ་ལམ་འགྲུལ་བཞུད་ཚོགས་(The civil Aviation Authorty of Napel )པའི་སྤོག་ར་གནམ་ཐང་གི་འཕུར་སྐྱོད་རེའུ་མིག་ལ་བལྟས་ན། ཉིན་གཅིག་ནང་གནམ་གྲུ་༡༠༠ རེ་དང་བདུན་ཕྲག་གཅིག་ནང་གནམ་གྲུ་༥༠༠ རེ་འཕུར་སྐྱོད་བྱེད་འཆར་ཡོད་འདུག གནམ་ཐང་དེའི་ལོ་གཅིག་ནང་ཡོང་འབབ་ཨ་སྒོར་ས་ཡ་༡༩ ཡོང་འཆར་དང་དེའི་ནང་ནས་ཨ་སྒོར་ས་ཡ་༣.༢ བུ་ལོན་སྤྲོད་དགོས་ཀྱི་ཡོད་ཀྱང། ད་ཆར་གནམ་ཐང་དུ་གནམ་གྲུ་ཡོང་མཁན་གཅིག་ཀྱང་མེད་པས་དུས་རེའི་བུ་ལོན་སྤྲད་རྒྱུ་དེ་ཡང་སྤྲོད་མ་ཐུབ་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག
གལ་སྲིད་གནམ་ཐང་དེས་བུ་ལོན་རྣམས་དུས་ཐོག་ཏུ་སྤྲད་མ་ཐུབ་ཚེ། རྒྱ་ནག་གིས་དུས་ཡུན་གང་འཚམ་རིང་ལ་གནམ་ཐང་དེ་བདག་བཟུང་བྱེད་རྒྱུ་ཡིན་པ་དང་། སྤོག་ར་རྒྱལ་སྤྱིའི་གནམ་ཐང་དེའི་གསར་རྒྱག་ཆེད་དུ་ཧིན་སྒོར་ཐེར་འབུམ་༢༢ བཏང་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
