བལ་ཡུལ་གྱི་སྲིད་བློན་གསར་པའི་དམ་འབུལ་དང་སྲིད་བློན་ཟུར་པ་འཛིན་བཟུང་བྱས་འདུག

བལ་ཡུལ་ནང་ལོ་སྔོན་མ་གཞོན་སྐྱེས་ཚོས་ངོ་རྒོལ་བྱས་ནས་སྲིད་གཞུང་མགོ་རྟིང་སློག་རྗེས་བསྐྱར་དུ་འོས་བསྡུ་བྱས་ཏེ། ད་ཆར་སྲིད་གཞུང་གསར་པ་ཞིག་བཙུགས་ཡོད་པ་དང་། སྲིད་གཞུང་གསར་པས་ཁ་སང་དམ་འབུལ་བྱས་འདུག དེ་རིང་ཞོགས་པར་སྲིད་བློན་ཟུར་པ་ (KP Sharma Oli) ཁོང་། དེ་སྔོན་གཞོན་སྐྱེས་ཚོས་ངོ་རྒོལ་བྱེད་སྐབས་མི་བསད་དོན་རྐྱེན་དང་། ལྐོག་ཟ་རུལ་སུངས་དང་འབྲེལ་ནས་འཛིན་བཟུང་བྱས་འདུག

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༦ ཉིན་སྦི་སྦི་སི་གསར་ཁང་གཙོས་པའི་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཁ་སང་ཕྱི་ཚེས་༢༦ གཟའ་པ་སངས་ཉིན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་གྱི་སྲིད་གཞུང་གསར་པས་དམ་འབུལ་བྱས་འདུག་ཅིང་། དམ་འབུལ་སྐབས་བལ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་། རྒྱལ་ཁབ་གཞན་མང་པོ་ཞིག་གི་སྐུ་ཚབ་ཚོས་སྲིད་བློན་གསར་པ་ (Balendra Shah) ཡི་དམ་འབུལ་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག་ལ། དེ་བཞིན་རྒྱ་དཀར་ནག་གཉིས་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གི་སྲིད་བློན་དང་སྲིད་འཛིན་ཚོས་འཚམས་འདྲི་ཞུས་འདུག
ཐེངས་འདིའི་བལ་ཡུལ་གྱི་སྐབས་༤༠ པའི་སྲིད་བློན་གསར་པ་(Balendra Shah)ཁོང་ནི་སྔོན་ཆད་བལ་ཡུལ་གྱི་རྒྱལ་ས་ (Kathmandu) གྲོང་ཁྱེར་གྱི་སྤྱི་ཁྱབ་པ་གནང་མྱོང་ཡོད་ཅིང་། ཁོང་ནི་ཨར་ལས་འཆར་འགོད་ཀྱི་ཐོག་ལ་སློབ་སྦྱོང་གནང་སྟེ་ཐོན་ཡོད་འདུག ཁོང་གིས་ཐོག་མར་བལ་ཡུལ་དུ་སློབ་སྦྱོང་གནང་བ་དང་། དེའི་རྗེས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀར་ནཱ་ཊ་ཀར་ (Karnataka) ནང་སློབ་སྦྱོང་གནང་མྱོང་ཡོད་འདུག ཁོང་གི་སྲིད་དོན་ཚོགས་པ་རྒྱལ་ཡོངས་རང་བཙན་ཚོགས་པས་ (Rastriya Swatantra Party) འདི་ལོའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་མང་མོས་རྒྱབ་སྐྱོར་ཚད་མཐོན་པོ་ཐོབ་སྟེ། ཁ་སང་ནས་བལ་ཡུལ་གྱི་སྲིད་དབང་བསྐྱང་འགོ་བཙུགས་ཟིན་འདུག ཁོང་གིས་འདས་པའི་ཕྱི་ལོ་༢༠༢༢ ལོར་བལ་ཡུལ་རྒྱལ་སའི་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་བསྡུའི་ཁྲོད་དུ་མི་མང་གི་རྒྱབ་སྐྱོར་ཚད་མཐོན་པོ་ཐོབ་ནས་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་ཡོད་ཅིང་། འདི་ལོའི་བལ་ཡུལ་སྲིད་གཞུང་གི་འོས་བསྡུའི་ནང་ཁོང་ལ་མི་མང་གིས་རྒྱབ་སྐྱོར་ཚད་མཐོན་པོ་ཐོབ་སྟེ་བལ་ཡུལ་གྱི་ལོ་ན་ཆུང་ཤོས་ཀྱི་སྲིད་བློན་དུ་གྱུར་འདུག ཁོང་འདི་ལོ་སྲིད་བློན་དུ་གྱུར་པ་དེ་བལ་ཡུལ་གྱི་མི་མང་ཚོས་གསར་བརྗེ་འམ་འགྱུར་བ་ཆེན་པོ་ཞིག་གི་མཚོན་དོན་དུ་ངོས་འཛིན་བྱེད་བཞིན་འདུག
ཁོང་གི་གཞུང་འཛིན་སྲིད་དོན་ཚོགས་པས་ཁྱོན་བློན་ཆེན་༡༥ བསྐོས་འདུག་པ་དང་། དེ་དག་ཁྲོད་རང་ལོ་༣༠ ནང་ཡོད་པའི་བློན་ཆེན་༩ དང་། རང་ལོ་༤༠ ནང་ཡོད་པའི་བློན་ཆེན་༣། རང་ལོ་༥༠ ཅན་གྱི་བློན་ཆེན་གཅིག་བཅས་ཁོང་གི་བློན་ཆེན་ཕལ་ཆེ་བ་ན་གཞོན་ཤ་སྟག་རེད་འདུག ཁོང་ཚོའི་ཤེས་ཡོན་གྱི་རྒྱབ་ལྗོངས་ནི་ཕལ་ཆེ་བར་གཙུག་ལག་རབ་འབྱམས་པ་དང་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཤེས་ཚད་ཡོད་འདུག་ལ། དེ་དག་ཁྲོད་དཔལ་འབྱོར་བློན་ཆེན་དང་བློན་ཆེན་གཞན་གཅིག་གཉིས་ལ་འབུམ་རམས་པའི་ཤེས་ཚད་ཡོད་མཁན་རེད་འདུག
ད་ཆར་ཁོང་གི་རྒྱབ་སྐྱོར་བ་ཚོས་རེ་བ་ཆེ་ཤོས་བྱེད་ས་ནི་བལ་ཡུལ་ནང་སྲིད་གཞུང་བརྟན་པོ་ཞིག་ཡོང་ནས། མི་མང་གི་བདེ་སྡུག ཤེས་ཡོན། འཕྲོད་བསྟེན། ལས་ཀ་སོགས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ཡར་རྒྱས་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་འདུག་ཅིང་། དམིགས་བསལ་དུ་བལ་ཡུལ་གྱི་དེ་སྔོན་སྲིད་གཞུང་ཁག་གི་ལྐོག་ཟ་རུལ་སུངས་དང་། ཉེ་དགའ་ཕྱོགས་ལྷུང་། སྐུ་དྲག་ཚོས་སྲིད་དབང་སྒེར་འཛིན་བྱེད་པའི་ལམ་ལུགས་ངན་པ་དེ་དག་ལ་འགྱུར་བ་ཞིག་ཡོང་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་འདུག
འོན་ཀྱང་། ཕྱོགས་གཞན་ཞིག་ནས་བློ་འཚབ་བྱེད་གཞི་ཞིག་ནི། ཁོང་གི་རྒྱལ་ཡོངས་རང་བཙན་ཚོགས་པ་དེ་བཙུགས་ནས་ལོ་བཞི་ལས་ཕྱིན་མེད་པར་བརྟེན། མ་འོངས་པར་སྲིད་གཞུང་གི་དུས་ཡུན་ཆ་ཚང་མཇུག་སྐྱོང་ཐུབ་མིན་ཐད་དོགས་པ་ཆེན་པོ་སྐྱེ་བཞིན་ཡོད་འདུག
ཁ་སང་བལ་ཡུལ་དུ་སྲིད་བློན་གསར་པས་དམ་འབུལ་བྱས་ཟིན་པར་བརྟེན། བར་བརྒལ་སྲིད་བློན་གནང་མཁན་བུད་མེད་ཁྲིམས་རྩོད་པ་ (SUSHILA KARKI) ཞེས་པས་ལས་མཚམས་བཞག་སྟེ། རང་གི་བཞུགས་གནས་སུ་ཕྱིར་ཕེབས་ནས་དབང་ཆ་ཡོངས་རྫོགས་སྲིད་བློན་གསར་པར་རྩིས་སྤྲོད་གནང་ཟིན་འདུག
དེ་རིང་ཞོགས་པར་སྲིད་གཞུང་གསར་པའི་བཀའ་རྒྱའི་འོག་སྲིད་བློན་ཟུར་པ་ (KP Sharma Oli) དང་ནང་སྲིད་བློན་ཆེན་ཟུར་པ་(Ramesh Lekhak) གཉིས། དེ་བཞིན་ཉེན་རྟོག་པའི་འགོ་དཔོན་གཅིག་བཅས་མི་གསུམ་འཛིན་བཟུང་བྱས་འདུག ཁོང་གསུམ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི། ན་ནིང་གཞོན་སྐྱེས་ཚོས་ངོ་རྒོལ་བྱེད་སྐབས། ངོ་རྒོལ་བ་རྣམས་ཀྱི་ཐོག་ཏུ་དྲག་གནོན་བྱས་པའི་རྐྱེན་གྱིས། ངོ་རྒོལ་བ་ཁྱོན་༧༧ གྱི་ཚེ་སྲོག་ཤོར་བའི་གནད་དོན་དང་འབྲེལ་ནས་དེ་རིང་འཛིན་བཟུང་བྱས་ཡོད་པ་རེད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།