བལ་ཡུལ་གྱི་སྲིད་བློན་གསར་པས་རྒྱ་གར་དང་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་བརྗོད་ཀྱང་རྒྱ་གར་ལ་སེམས་འཚབ་གཞན་ཞིག

ཟླ་འདིའི་ཚེས་༡༦ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཨོ་ལི་ཟེར་བ་དེ་བལ་ཡུལ་གྱི་སྲིད་བློན་ལ་འདེམས་ཐོན་བྱུང་ཡོད་པ་དང་། ཁོ་ནི་རྒྱ་ནག་ལ་དགའ་ཞེན་ཡོད་མཁན་ཞིག་ཡིན་པས་རྒྱ་གར་གྱིས་སེམས་འཚབ་བྱེད་བཞིན་འདུག

པར། Firstpost

ཉེ་ཆར་བལ་ཡུལ་གྱིས་ལོ་ན་༧༢ ་ལ་སོན་པའི་ཨོ་ལི་(Khadga Prasad Oli) ་ཟེར་བ་དེ་བལ་ཡུལ་གྱི་སྲིད་བློན་ལ་བདམས་ཡོད་པ་དང་། ཟླ་འདིའི་ཚེས་༡༥ ་ཉིན་ཁོང་གིས་བལ་ཡུལ་གྱི་སྲིད་འཛིན་རྩ་ནས་ལས་འཁུར་དམ་འབུལ་ཞུས་ཡོད་འདུག

བལ་ཡུལ་ནང་དམར་ཤོག་ཆབ་སྲིད་ཚོགས་པ་དང་ཀོང་རེ་སི་ཆབ་སྲིད་ཚོགས་པ་གཉིས་ནི་ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་ཆགས་ཀྱི་ཡོད་པ་དང་། ཁོང་གིས་ཆབ་སྲིད་ཚོགས་པ་དེ་གཉིས་ཀྱིས་འཛིན་བཞིན་པའི་མཉམ་འབྲེལ་སྲིད་གཞུང་གི་སྣེ་འཁྲིད་རྒྱུ་རེད་འདུག

ཕྱི་ལོ་༢༠༡༥ ལོར་ཨོ་ལི་ཐེངས་དང་པོ་བལ་ཡུལ་གྱི་སྲིད་བློན་དུ་འདེམས་ཐོན་བྱུང་ཡོད་པ་དང་། དེ་ནས་ཕྱི་ལོ་༢༠༡༨ དང་ཕྱི་ལོ་༢༠༢༡ བཅས་ལ་བསྐྱར་དུ་སྲིད་བློན་དུ་བདམས་པས་ཐེངས་འདིར་སྲིད་བློན་དུ་འདེམས་ཐོན་བྱུང་བ་དེ་ཐེངས་བཞི་པ་ཆགས་ཀྱི་ཡོད་འདུག

ཁོང་གིས་དེ་སྔ་རྒྱ་གར་གྱིས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་དང་། ཁོང་ནི་ཡོངས་གྲགས་སུ་རྒྱ་ནག་ལ་དགའ་ཞེན་ཡོད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག་ཀྱང་། ཉེ་ཆར་ཁོང་གིས་དོ་མཉམ་པའི་ཕྱི་འབྲེལ་སྲིད་བྱུས་ཤིག་འཛིན་རྒྱུ་དང་རྒྱ་གར་དང་འབྲེལ་བ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག

རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་ཁོང་ལ་འཚམས་འདྲི་ཞུས་ཤིང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ་དང་། ཡར་རྒྱས་ཆེད་དུ་ཕན་ཚུན་གྱི་མཉམ་ལས་རྒྱ་སྐྱེད་གཏོང་བའི་ཆེད་མཉམ་ལས་ཡོང་བའི་རེ་བ་ཡོད་ཅེས་གསུངས་འདུག བལ་ཡུལ་གྱི་སྲིད་བློན་གསར་པས་ཀྱང་། སྲིད་བློན་མོ་དྷི་ལ་ཐུགས་རྗེ་ཆེ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ཆེད་ཕྱོགས་གཉིས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཁས་ལེན་ཡོད་ཅེས་དང་། མཉམ་རུབ་ཀྱིས་ལོ་རྒྱུས་ལྡན་པའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག

ཕྱི་ལོ་༢༠༡༧ ལོར་བལ་ཡུལ་གཞུང་གིས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་མཉམ་ཞུགས་བྱས་ཡོད་ན་ཡང་། ལས་གཞི་ལག་བསྟར་བྱེད་རྒྱུའི་གྲོས་མཐུན་ལ་ད་དུང་ཡང་མིང་རྟགས་བཀོད་མེད་པར་བརྟེན། སྲིད་བློན་གསར་པས་གྲོས་མཐུན་ལ་མིང་རྟགས་བཀོད་སྲིད་པ་རྒྱ་གར་གྱིས་སེམས་འཚབ་བྱེད་ཀྱི་ཡོད་འདུག

ཕྱི་ལོ་༢༠༡༥ ལོ་ཨོ་ལི་ཐེངས་དང་པོ་བལ་ཡུལ་གྱི་སྲིད་བློན་བྱེད་པའི་སྐབས། བལ་ཡུལ་གཞུང་གི་རྩ་ཁྲིམས་ལ་འགྱུར་བ་ཕྲན་བུ་ཞིག་བཏང་བའི་དབང་གིས་རྒྱ་གར་གྱིས་གཞུང་འབྲེལ་མིན་པའི་ཐོག་བལ་ཡུལ་ལ་སྣུམ་དང་སྨན་སོགས་བཀག་ནས་ཕྱོགས་གཉིས་ཀྱི་བར་འབྲེལ་ལམ་ཇེ་ཞན་དུ་ཕྱིན་ཡོད་འདུག ཕྱི་ལོ་༢༠༡༦ ལོ་བལ་ཡུལ་གྱི་སྲིད་བློན་ཨོ་ལི་རྒྱ་གར་ལ་འཚམས་གཟིགས་ཕེབས་རྗེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ན་ཡང་། ཕྱི་ལོ་༢༠༢༠ ལོར་བལ་ཡུལ་གཞུང་གིས་ས་ཁྲ་གསར་པ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་། ས་ཁྲའི་དེའི་ནང་དུ་རྒྱ་གར་གྱི་ས་ཆ་(Limpiyadhura) དང་(Kalapani) དང་(Lipulekh) ་བཅས་ནི་བལ་ཡུལ་གྱི་ཁོངས་སུ་བཅུག་ཡོད་པར་བརྗོད་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་ཕྱིན་ཡོད་འདུག

རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེ་དང་ནུབ་བྷང་གྷལ། ཨུ་དྷར་པར་དྷེ་ཤི། ཨུ་ཏར་ཁན་ཌ་བཅས་མངའ་སྡེ་ལྔ་བལ་ཡུལ་དང་ས་འདྲེས་ཆགས་ཤིང་། ཕྱོགས་གཉིས་ཀྱི་བར་ས་མཚམས་ཀྱི་རིང་ཚད་ཀེ་ལོ་མི་ཊར་༡༨༥༠ ཙམ་ཡོད་འདུག འདས་པའི་ལོ་མང་རིང་རྒྱ་དཀར་ནག་གཉིས་ཀས་བལ་ཡུལ་ནང་སོ་སོའི་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།