བསྟན་འཛིན་ཚེ་དབྱངས་ལ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་གཟེངས་རྟགས་ཧིན་སྒོར་འབུམ་གཅིག་ཐོབ།

དེ་རིང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་ཆེན་ཐེངས་༢༣ པའི་གྲོས་ཆོད་དགོངས་དོན་གཞིར་བཟུང་། རྒྱལ་ཡོངས་ཡིག་རྒྱུགས་ཁྲོད། ཆོལ་གསུམ་དབྱེར་མེད་བོད་ཡིག་ཨང་རིམ་རྩེ་ཕུད་སོན་པ་སུ་ཡིན་ལ། ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་མཚན་ཐོག་ནས་གཟེངས་རྟགས་ཧིན་སྒོར་འབུམ་གཅིག་གནང་གཏན་འཁེལ་བ་ལྟར། ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༡༠ ཉིན། བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༦ འཁོར་བའི་གཞུང་འབྲེལ་མཛད་སྒོ་དང་བསྟུན། མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭའི་སློབ་མ་བསྟན་འཛིན་ཚེ་དབྱངས་ལགས་ཀྱིས་༢༠༢༥ ལོའི་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཁྲོད། བོད་ཡིག་རྒྱུགས་འབྲས་རྩེ་ཕུད་བརྒྱ་ཆ་༩༩ སོན་པར་ཧིན་སྒོར་འབུམ་གཅིག་གི་ཅེག་འཛིན་གནང་འདུག

པར། མདོ་ཁམས་ཆུ་སྒང་།


མཛད་སྒོའི་སྐབས་སུ་སློབ་མ་བསྟན་འཛིན་ཚེ་དབྱངས་ཀྱིས་ཆུང་དུས་བོད་ཡིག་ལ་དགའ་པོ་ཡོད་པར་བརྟེན། སློབ་གྲྭས་ཡིག་གཟུགས་དང་རྩོམ་སོགས་བྱེད་སྒོ་ག་རེ་གོ་སྒྲིག་བྱས་ན། དེར་མཉམ་ཞུགས་བྱེད་ཀྱི་ཡོད་ཅེས་དང་། ད་ལྟའི་ཆར་མཐོ་སློབ་ཏུ་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་མེད་ནའང་། བོད་སྐད་དང་བོད་ཡིག་གང་ཤེས་པ་དེ་མ་ཉམས་པའི་ཐབས་ཤེས་བྱེད་བཞིན་ཡོད་ཅེས་དང་། སློབ་ཕྲུག་ཚོས་སློབ་སྦྱོང་དེ་ཕ་མ་དང་དགེ་རྒན་ཆེད་དུ་མ་ཡིན་པ། རང་ཉིད་ཀྱི་མདུན་ལམ་ཆེད་དུ་ཡིན་པར་བརྟེན། སློབ་སྦྱོང་ཡག་པོ་བྱེད་རོགས་གནང་ཞེས་དང་། སློབ་གྲྭའི་ནང་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་ཡོད་དུས། དཀའ་ལས་བརྒྱབ་ནས་བོད་ཡིག་ཧུར་ཐག་སྦྱོང་རོགས་ཞེས་བོད་ཡིག་སྦྱོང་དགོས་པའི་སྐུལ་མ་ཡང་གནང་སོང་།
གཟེངས་རྟགས་དང་འབྲེལ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ངོ་དེབ་སྟེང་། དམིགས་ཡུལ་འདིས་སྐུ་མདུན་ཡིད་བཞིན་ནོར་བུའི་ཐུགས་རེ་དང་། བཀའ་སློབ་ལམ་སྟོན་གཞིར་བཟུང་། བོད་ཡུལ་ཆོལ་ཁ་གསུམ་པོ་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་གྱིས་ལས་དབང་དང་དམ་ཚིག་གཙིགས་སུ་བཟུང་སྟེ། རིག་གཞུང་ནོར་བུའི་བང་མཛོད་ཀྱི་ལྡེའུ་མིག སྐད་ཡིག་རིན་པོ་ཆེ་མ་འོངས་བོད་ཀྱི་སོན་རྩ་རྣམ་པས་ཚུལ་བཞིན་རྒྱུན་འཛིན་ཐུབ་ཆེད་ཡིན་པས། གཟེངས་རྟགས་བཞེས་མཁན་སློབ་མ་བསྟན་འཛིན་ཚེ་དབྱངས་ལགས་སུ་སྙིང་ནས་དགའ་བས་རྗེས་སུ་ཡི་རངས་དང་འབྲེལ། མུ་འབུད་འབད་བརྩོན་ལྷོད་མེད་ཐོག་བསྟན་སྲིད་རིག་གཞུང་དང་བཅས་པར་རླབས་ཆེན་ཞབས་འདེགས་ཞུ་ཐུབ་པའི་སྨོན་འདུན་ཞུ་ཞེས་བཀོད་འདུག
སློབ་མ་བསྟན་འཛིན་ཚེ་དབྱངས་ནི། ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཚགས་སུ་སྐྱེས་ཤིང་། ལོ་རིམ་གསུམ་པ་ནས་དྲུག་པའི་བར་ཅན་རྡ་གྷི་རི་གཏན་སློབ་དང་། འཛིན་རིམ་དྲུག་པ་ནས་བཅུ་པའི་བར་སྤོན་ཊ་སཾ་བྷོ་ཊ་གཏན་སློབ། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་མོན་གྷོ་སཾ་བྷོ་ཊ་ནས་ཚན་རིག་སྡེ་ཚན་ནས་སློབ་སྦྱོང་བྱས་ནས་ཕྱི་ལོ་༢༠༢༥ ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་༩༣།༢ བླངས་ཡོད་འདུག ད་ལྟའི་ཆར་ཁོང་ཉིད་རྒྱ་གར་ལྷོ་ཕྱོགས་མེ་སོར་ལ་ཕྱི་བཅོས་གསོ་ཐབས་༼Physiotherapy༽ ཐོག་སློབ་སྦྱོང་བྱེད་བཞིན་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།