བསླབ་བྱ་བརྒྱ་ལས་སྣ་སུན་གཅིག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༢༤  ཕྱི་ལོ་ ༢༠༡༦/༡༢ /༧

ཉེ་ཆར་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ནས་ཡིན་པའི་རྒྱ་རིགས་བུ་མོ་ཞིག་གིས་བོད་རིགས་རྣམས་ལ་དྲ་བརྙན་གྱི་ལམ་ནས་ཁ་རྡུང་ཤུགས་ཆེ་བཏང་བ་དང་། དེ་ལ་བརྟེན་ནས་བོད་ནང་གི་གཞོན་སྐྱེས་མང་པོ་ཞིག་འུར་དུ་རེ་དཀྲོགས་ཏེ་དྲ་བརྙན་གྱི་ལམ་ནས་མོ་ལ་རྒྱུ་མཚན་དང་གནས་ལུགས་བཤད་ནས་ལན་འདེབས་བྱེད་པ་དང་། ཁ་རྡུང་དང་ཞེད་སྣང་སྐུལ་བ་ལྟ་བུ།  ཐ་ན་ཚིག་བཙོག་པོ་བེད་སྤྱོད་བཏང་ནས་གཤེ་གཤེ་གཏོང་བ་སོགས་གཞོན་སྐྱེས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ཧ་ཅང་ངར་སོང་། དྲ་ལམ་ཁག་ཏུ་དེ་ལྟར་བྱེད་དགོས་མིན་དང་། བྱེད་སྟངས་འགྲིག་མིན་སོགས་བོད་ཕྱི་ནང་གཉིས་ནས་གླེང་སློང་ཡང་མང་པོ་བྱས་སོང་། འོན་ཀྱང་རྒྱ་རིགས་བུ་མོ་དེས་བཤད་པའི་སྐད་ཆའི་ནང་དོན་གཙོ་བོ་ནི། “ཁྱེད་ཚོ་ལྟ་བུའི་གྲལ་རིམ་དམན་པའི་མི་སེར་ཚོ་ལ་རྒྱ་ཡིག་བེད་སྤྱོད་གཏོང་རྒྱུའི་ཐོབ་ཐང་ཡོད་མ་རེད། གོ་སོང་ངམ། བརྗེད་མི་རུང་བ་ཞིག་ལ་ཁྱེད་ཚོར་ཡོད་པའི་ཐོབ་ཐང་ཉག་གཅིག་ནི་རྒྱ་མི་རིགས་ཀྱི་རྐང་པས་རྫི་རྒྱུ་དེའོ་”ཞེས་བཤད་ཡོད་པ་དང་། གནད་དོན་དེས་གཞོན་སྐྱེས་མང་པོ་ཞིག་གི་སེམས་ལ་ཕོག་ཐུག་བཏང་འདུག

དེ་བཞིན། “ཁྱེད་ཚོ་ལྟ་བུའི་གད་སྙིགས་དག་གིས་‘ཀྲུང་གོའི་’རུས་པ་བལྡད་རྒྱུ་དང་། ཁྲག་འཇིབ་རྒྱུ་ལས་ཅི་ཡང་མི་ཤེས་པས། གཞན་བརྟེན་སྲིན་འབུ་དང་ཀྲུང་གོ་ཕྱིར་དྲུད་མཁན་དེ་ནི་ནམ་ཡང་ཁྱེད་ཚོ་རེད།” ཅེས་དང་། དེ་བས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ལ་“གྲལ་རིམ་དམན་པའི་མི་སེར་ཁྱེད་ཚོ་མགྱོགས་མྱུར་དུ་‘ཀྲུང་གོའི་’ས་ཁྲའི་ནང་ནས་རྩ་མེད་དུ་སོང་”ཞེས་བརྗོད་པ་དེ་རེད། སྤྱིར་གོང་དུ་དྲངས་པའི་ཚིག་དེ་དག་རྒྱ་རིགས་བུ་མོ་ཞིག་གིས་དྲ་བརྙན་གྱི་ལམ་ནས་བོད་པ་ལ་ཁ་རྡུང་བཏང་བ་ཞིག་ཡིན་པ་དང་། དེ་ཙམ་དོ་སྣང་དང་སེམས་ཁྲལ་བྱེད་དགོས་པ་ཞིག་མ་རེད་ཅེས་བརྗོད་ཀྱང་ཕྱོགས་གཅིག་ནས་མི་འགྲིག་པ་ཞིག་མ་རེད། འོན་ཀྱང་བུ་མོ་འདིས་སེམས་ལ་གང་དྲན་པ་དེ་ཁ་ནས་བཤད་པ་ལས། གཞན་ཡང་འདི་ལྟ་བུའི་བསམ་བློ་གཏོང་མཁན་རྒྱ་མི་རིགས་ཀྱི་ནང་དུ་ཧ་ཅང་མང་པོ་ཡོད་པར་ཚོད་དཔག་བྱེད་ཆོག་པ་ཞིག་རེད། གནད་དོན་འདི་ཡང་མ་འོངས་པར་བོད་རྒྱ་མཉམ་གནས་བྱེད་པར་སེམས་ཁྲལ་བྱེད་དགོས་པ་དང་བསམ་བློ་གཏོང་དགོས་པའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད།

ད་ལན་རྒྱ་རིགས་བུ་མོ་འདིའི་སྐད་ཆ་ལ་ལན་འདེབས་བྱེད་མཁན་བོད་རིགས་ན་གཞོན་དག་གི་ནང་དུ་བཟོ་ལྟ་དང་བསམ་བློ་གཏོང་སྟངས། རིག་གཞུང་གི་གོམས་གཤིས། བྱེད་སྟངས་སོགས་ཕྱོགས་གང་ཐད་ནས་བོད་པའི་དྲི་མ་ཡལ་ཟིན་པ་མང་པོ་ཞིག་ཡོད་པ་ལྟ་བུ་འདུག་ལ། རྒྱ་མོ་དེས་ཁྱེད་ཚོ་བོད་རིགས་གྲལ་རིམ་དམན་པ་ཡིན་པས་རྒྱ་སྐད་ཤོད་རྒྱུའི་ཐོབ་ཐང་མེད་ཅེས་བརྗོད་པ་དེས། ཁོང་ཚོ་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་པ་དང་འདྲ་བར། ལམ་སེང་སེམས་ནང་དུ་ང་ཚོ་ནི་བོད་རིགས་ཡིན་པ་ལས་རྒྱ་རིགས་མིན་སྟབས་མཐོང་ཆུང་འདི་འདྲ་བྱས་པ་རེད་སྙམ་པའི་བསམ་ཚུལ་དེ་ཤུགས་མ་ཐུབ་ཀྱིས་སླེབས་པ་རེད། ཅིག་བྱས་ན་འདི་ལྟ་བུའི་ན་གཞོན་དག་དུས་རྒྱུན་བོད་པའི་རིག་གནས་དང་གོམས་གཤིས་ལ་མཐོང་ཆུང་བྱེད་མཁན་ཡང་ཡིན་མི་སྲིད་པ་མ་རེད། གནས་ཚུལ་དེ་བོད་ཁུལ་ཡོངས་སུ་ཁྱབ་ཡོད་པ་དང་། རྒྱ་མོ་ཆུང་ཆུང་འདིའི་སྐད་ཆ་ལ་བརྟེན་ནས་འདི་ལྟ་བུ་དག་ལའང་རིགས་ཞེན་གྱི་མྱུ་གུ་གསར་པ་ཞིག་སྨིན་ཐུབ་པ་ནི་བོད་མི་རིགས་ཀྱི་མ་འོངས་པར་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད།

ད་ལན་གྱི་གནས་ཚུལ་འདི་ལྟ་བུ་ཞིག་ལ་བརྟེན་ནས་བོད་ནང་དུ་ཡོད་པའི་བོད་རིགས་ན་གཞོན་སྤྱི་དང་། ལྷག་པར་དུ་རྒྱའི་རིག་གནས་ལ་སྦྱང་བརྩོན་བྱས་ནས་བོད་སྐད་ཀྱང་བཤད་མི་ཐུབ་པ་མང་པོ་ཞིག་ལ་གློ་བུར་དུ་བོད་མི་རིགས་ཀྱི་ཤ་ཞེན་དང་འདུ་ཤེས་སླེབས་སུ་བཅུག་ཐུབ་པ་ཞིག་བྱུང་བ་ནི་ཧ་ཅང་རྒྱལ་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད། གྲུབ་འབྲས་འདི་ལྟ་བུ་ཞིག་བཙན་བྱོལ་ནང་གི་དབུ་ཁྲིད་རྣམས་ཕྱི་རྒྱལ་ཁག་གི་དཔོན་རིགས་མང་པོར་ཐུག་འཕྲད་བྱས་ཀྱང་ཐོབ་མི་སྲིད་ལ། རྒྱ་གཞུང་གི་དཔོན་རིགས་དག་དང་མཉམ་དུ་བོད་རྒྱ་ཞི་མོལ་གྱི་སྐད་ཆ་ཐེངས་ག་ཚད་བཤད་ཀྱང་གྲུབ་འབྲས་འདི་འདྲ་ཞིག་ཐོན་མི་ཐུབ། བླ་ཆེན་དག་གིས་གསུང་འགག་འགག་གི་བར་དུ་གསུང་ཆོས་དང་བཀའ་སློབ་གནང་ཡང་ཤུགས་རྐྱེན་འདི་ལྟ་བུ་ཐེབས་མི་ཐུབ། བཙན་བྱོལ་ནང་གི་བོད་མི་དག་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་སྐད་འབོད་བྱས་པ་སོགས་ཀྱིས་རྒྱ་དམར་གཞུང་གི་སློབ་གསོའི་འོག་འཚར་ལོངས་བྱུང་བའི་བོད་རིགས་ན་གཞོན་དག་གི་བསམ་བློ་སྒྱུར་ཐུབ་པའི་ནུས་པ་ཧ་ཅང་ཕྲ་བས་ད་ལན་གྱི་གནས་ཚུལ་འདི་ནི་ཧ་ཅང་གི་གོ་སྐབས་བཟང་པོ་ཞིག་ཏུ་གྱུར་སོང་།

མདོར་ན་གོང་དུ་བརྗོད་པ་བཞིན་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་དང་། བོད་རྒྱ་མི་རིགས་གཉིས་ཐ་དད་ཡིན་པའི་བསམ་བློ་དེ་གཞོན་སྐྱེས་ཚོའི་སེམས་ནང་བརྟན་པོ་སླེབས་ཐུབ་པ་དེ་ནི་བོད་ཀྱི་འཆི་གསོན་དང་ཐུག་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཕྱོགས་གཅིག་ནས་ལན་འདེབས་བྱེད་སྟངས་རེ་ཟུང་ལ་སེམས་ཁྲལ་བྱེད་མཁན་འདུག་ལ། བོད་མི་རིགས་དེ་འཛམ་གླིང་གི་མི་སྤུས་ཀ་དག་ཤོས་དང་ཡ་རབས་བཟང་སྤྱོད་ལྡན་ཤོས་ཤིག་ཏུ་བསྒྱུར་རྒྱུའི་དམིགས་ཡུལ་རླབས་ཆེན་ཡོད་མཁན་དག་གི་ངོས་ནས་ལྟ་ཚུལ་འདི་ཡང་ཧ་ཅང་གལ་གནད་ཅན་ཞིག་ཡིན་མོད། བོད་མི་རིགས་ལ་མཚོན་ན་རྒྱ་མི་རིགས་ཆེན་པོའི་འོག་བཙན་གྱིས་འཆི་ལམ་དུ་དེད་བཞིན་ཡོད་པའང་མི་ཤེས་པའི་ན་གཞོན་ཁག་ཅིག་ལ་མཚོན་ན། བསམ་བློ་གཏོང་སྟངས་ལ་འགྱུར་བ་ཆེན་པོ་ཐེབས་ཡོད་ངེས་རེད། དེར་བརྟེན་བསླབ་བྱ་བརྒྱ་ལས་སྣ་སུན་གཅིག་ལྷག་ཅེས་པའི་དཔེ་བཞིན། དང་པོ་བོད་མི་རིགས་དེ་གནས་སྐབས་འཆི་མི་དགོས་ཙམ་བྱུང་ན་ཡ་རབས་བཟང་སྤྱོད་དང་མི་སྤུས་སོགས་ལ་རིམ་བཞིན་བསམ་བློ་གཏོང་ཆོག་གི་རེད།།