བོད་ཀྱི་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཆེད་རྒྱལ་དར་བསྒྲེངས་འཛུགས།
ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོ་ཨོ་སི་ཁྲི་ལེ་ཡའི་རི་སྔོན་པོ་ས་གནས་སྲིད་གཞུང་གི་སྒོ་འགྲམ་གྱི་སྤང་ཁར་ཡུལ་དེར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱ་ལྷག་ཅིག་འདུ་འཛོམས་ཀྱིས་ས་གནས་སྲིད་གཞུང་གིས་བོད་ཀྱི་གསུམ་བཅུའི་དུས་དྲན་དྲན་གསོ་དང་བོད་དོན་རྒྱབ་སྐྱོར་བྱ་ཆེད་ས་གནས་གྲོས་ཚོགས་ནས་གཏན་འབེབས་བྱུང་བའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་སྐབས་དང་བསྟུན་ནས་སྔར་སྲོལ་ལྟར་གསུམ་བཅུའི་དུས་དྲན་མི་མང་སྒེར་ལངས་ཆེན་མོ་དྲན་གསོའི་མཛད་སྒོ་འཚོགས་ཡོད་པ་རེད།
ཆབ་སྲིད་བཙོན་ཟུར་ཤེལ་དགེ་འདུན་ཚེ་རིང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གསུམ་བཅུའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ས་གནས་རི་སྔོན་པོ་ཁུལ་གྱི་དབུས་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་Susan Templeman དང་། མངའ་སྡེའི་འཐུས་མི་Trish Doyle གཉིས་ཀྱི་སྐུ་ཚབ་དུས་རྒྱུན་བོད་དོན་ལ་རྒྱབ་སྐྱོར་དང་མཉམ་བཞུག་གནང་མཁན་ལྕམ་Suzie Van Opdorp དེ་བཞིན་ས་གནས་རི་སྔོན་པོར་གནས་བསྡོད་གདོད་མིའི་མི་རིགས་ཀྱི་སྐུ་ཚབ་ལྕམ་ Aunty Carol Cooper ,དང་liberal party ( ད་ལྟའི་གཞུང་འཛིན་ཚོགས་པའི་ས་གནས་སྲིད་གཞུང་གི་འཐུས་མི་ Kevin Schreiber དང་། ཨོ་སི་ཁྲོ་ལི་ཡ་Labour Party ནས་ས་གནས་སྲིད་གཞུང་གི་འཐུས་མི་དང་འགན་འཛིན་ལས་ཚབ་བ་ལྕམ་Romola Hollywood དང་། ཨོ་སི་ཁྲོ་ལི་ཡ་ལྗང་ཁུ་ཚོགས་པའི་( Green Party ) ས་གནས་སྲིད་གཞུང་གི་འཐུས་མི་དང་བོད་ཀྱི་རྒྱལ་དར་འགྲེངས་འཛུགས་ཀྱི་གྲོས་ཆོད་འདོན་མཁན་ལྕམ་Kerry Brown དུས་རྒྱུན་ས་གནས་བོད་པ་ལ་རོགས་རམ་དང་བོད་པ་རྣམས་ལ་འབྲེལ་འདྲེས་ཆེ་བའི་ས་གནས་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་Thrive Service ཡི་འགན་འཛིན་ལྕམ་Angelique Sasagi དང་རི་སྔོན་པོ་ཁུལ་གྱི་སྐྱབ་བཅོལ་རོགས་སྐྱོར་ཚོགས་པའི་དྲུང་ཆེ Brendan Doyle བཅས་ཆེད་ཕེབས་གནང་སྟེ་གཏམ་བཤད་གནང་ཡོད་པ་རེད།
མཛོད་སྒོ་གཙོ་སྐྱོང་བ་སྐལ་བཟང་ས་འཛིན་གྱིས་ལས་འགུལ་གྱི་རྣམ་པ་ངོ་སྤྲོད་དང་དང་གསུམ་་བཅུའི་དུས་དྲན་དང་འབྲེལ་བའི་ལོ་རྒྱུས་དང་ད་ལྟའི་བོད་ནང་གི་ཛ་དྲགས་གནས་སྟངས་སྐོར་ལ་ངོ་སྤྲོད་ཀྱི་གཏམ་བཤད་གནང་སོང་།
སྐུ་མགྲོན་དག་གིས་གཏམ་བཤད་གནང་སྟེ་སྐུ་མགྲོན་ཐུན་མོང་གིས་རྒྱ་ནག་དམར་གཞུང་གིས་བོད་ཧམ་བཟུང་བྱས་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བོད་ནང་གི་བོད་མིའི་སྡུག་སྦྱོང་གནར་གཅོད་མྱོངས་མུས་ལ་གདོང་སེམས་མཉམ་སྐྱེད། དམིགས་གསལ་བཙན་བྱོལ་བོད་མི་དང་ས་གནས་འདིར་གནས་སྡོད་ཀྱི་བོད་མི་དག་གི་བོད་ཀྱི་བདེན་མཐའ་སེལ་ཐབས་ཀྱི་ལས་འགུལ་ཁག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་མ་འོངས་པར་མུ་མཐུད་ནས་ལས་འགུལ་མང་ཙམ་སྤེལ་དགོས་པ་དང་། ད་ལྟ་ལས་འགུལ་སྤེལ་ཚེ་ནུས་པ་ཤུགས་ཆེན་ཐོན་ངེས་པའི་དུས་ལ་སླེབས་ཡོད་ཅེས་གསུངས།
དམིགས་བསལ་ས་གནས་སྲིད་གཞུང་གི་འཐུས་མི་དང་འགན་འཛིན་ལས་ཚབ་བ་ལྕམ་Romola Hollywood་ལགས་ཀྱིས་“༢༠༡༩ ལོར་ས་གནས་སྲིད་གཞུང་གིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་པའི་གྲོས་ཆོད་ཁུར་བ་དེ་དྲན་སོས་ཀྱི་འདུག སྐབས་དེར་རྒྱབ་སྐྱོར་བྱས་ཏེ་གྲོས་ཆོད་དེ་གཏན་འབེབས་བྱུང་བ་རེད། དེ་རིང་དྲན་ན་དེ་ནི་ཧ་ཅང་གི་སྤོམས་པ་སྐྱེས་དགོས་པ་ཞིག་ཡིན་པ་དེ་རིང་ར་འཕྲོད་སོང་”ཞེས་གསུངས།
དེ་བཞིན་ཨོ་སི་ཁྲོ་ལི་ཡ་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་བདུན་གྱིས་དེ་རིང་གི་གསུམ་བཅུའི་དུས་དྲན་ལ་གདུང་སེམས་མཉམ་སྐྱེད་དང་། རི་སྔོན་པོའི་ས་གནས་སྲིད་གཞུང་གིས་དེ་རིང་གི་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བ་འདི་ལོ་ངོ་དྲུག་བཅུ་རེ་གཉིས་ལྷག་རིང་བོད་དང་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱས་པ་རེད་བཅས་མཉམ་རུབ་ཀྱི་རྒྱབ་སྐྱོར་ཡི་གེ་ཞིག་ཡོངས་བསྒྲགས་གནང་སོང་།
དམིགས་བསལ་ད་ལོར་ཆེད་དུ་ན་ཆུང་བྱིས་པ་ཚོར་དམིགས་ཏེ་རི་མོའི་ལམ་ནས་༼ ཕ་ཡུལ་བོད་༽ གླེང་བ་ཞེས་པའི་བྱིས་པ་ཚོས་བྲིས་པའི་རི་མོ་ཁག་ཅིག་འགྲེམས་སྟོན་གནང་སྟེ་མཛད་སྒོ་མཇུག་བསྡུས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།