བོད་ཀྱི་དཔེ་མཛོད་ཁང་ནས་གསར་དུ་དཔར་སྐྲུན་གནང་བའི་དེབ་ཁག་ཅིག་གི་ངོ་སྤྲོད་མདོར་བསྡུས།

བོད་ཀྱི་བང་ཆེན་གསར་ཁང་ནས་སྒྲིག་སྦྱོར་བྱས།


༡)<<བརྡ་དཀྲོལ་གསེར་གྱི་མེ་ལོང་>>ཞེས་པའི་དེབ་འདི་ནི་བོད་ནང་གི་སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ནས། ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་སྐུ་ངལ་འཛེམས་མེད་ཀྱིས་རྩོམ་སྒྲིག་གནང་བ་ཞིག་དང་། ནང་དོན་གྱི་ཆ་ནས་བོད་ཀྱི་བརྡ་སྤྲོད་དང་སྙན་གཞུང་། ཆོས་འབྱུང་དང་རྟོགས་བརྗོད་སོགས་དཔེ་དེབ་སུམ་བརྒྱ་ལྷག་ནས་བརྡ་རྙིང་གཙོ་བོར་བྱས་པའི་ཚིག་དོན་གོ་དཀའ་བ་མང་པོ་ཞིག་གོ་བདེ་ཁུངས་བཙུན་གྱི་ལམ་ནས་གསྲེད་བཀྲོལ་གནང་བ་ཞིག་རེད་འདུག་ལ། ཤོག་གྲངས་༦༤༨ ཀྱི་བདག་ཉིད་ཅན་གྱི་དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་སྐད་ཡིག་དེབ་ཕྲེང་༥༣ པར་དཔར་དུ་བསྐྲུན་འདུག 

༢)<<ཕྱུར་བ་>>ཞེས་པའི་སྒྲུང་རྩོམ་འདི་ནི་བུད་མེད་རྩོམ་པ་པོ་མཁའ་མོ་རྒྱལ་གྱིས་བརྩམས་ཤིང་། བོད་ཀྱི་དེང་རབས་བུད་མེད་ཀྱིས་བྲིས་པའི་སྒྲུང་རིང་ཐོག་མ་ཡིན་པ་མདུན་ཤོག་ཏུ་འཁོད་འདུག ལེའུ་དྲུག་གི་བདག་ཉིད་ཅན་གྱི་དེབ་འདིའི་བརྗོད་བྱ་ནི་བརྩེ་དུང་གི་སྐོར་ཡིན་པ་དང་། མཚོན་དོན་གྱི་ཆ་ནས་“ང་ཚོས་དུས་རབས་ཉེར་གཅིག་པའི་ནང་བོད་ཀྱི་སྤྱི་ཚོགས་ཀྱི་མེ་ལོང་ཡིན་ཟེར་བ་འདི་འདྲ་ལ་དགོངས་པ་འདྲ་ཞེས་”བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ནས་དཔར་སྐྲུན་གསལ་བཤད་དུ་བྲིས་གནང་འདུག་པ་དང་། དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་སྐད་ཡིག་དེབ་ཕྲེང་༥༢ པར་དཔར་དུ་བསྐྲུན་འདུག

༣)<<ཨེན་སི་ཊེན་གྱི་ཁམ་གང་>>ཞེས་པའི་བསྒྱུར་རྩོམ་གྱི་དེབ་འདི་ནི་རིག་སྨོན་ཚེ་རིང་བསམ་གྲུབ་ཀྱིས་རྒྱ་ཡིག་ནས་གཙོ་བོར་བསྒྱུར་འདུག་པ་དང་། དེབ་འདིར་བོད་འགྱུར་ལོ་ཙཱ་བའི་ཞུ་མཆིད་མ་བརྩིས་པར་ཨེན་སི་ཊེན་རང་ཉིད་ཀྱི་སྐོར་ནས། འཚོ་བ། མཚན་ཉིད་རིག་པ། ཆབ་སྲིད། ཆོས་ལུགས། ཚན་རིག སྤྱི་ཚོགས། སྒྱུ་རྩལ། རོལ་མོ། མི་ཆོས། ཀུན་སྤྱོད། འཐབ་རྩོད་དང་ཞི་བདེ། ཨེན་སི་ཊེན་གྱི་སྐོར་བཅས། མདོར་ན་བརྗོད་བྱ་སྣ་མང་གི་བསྡུས་དོན་ཕུན་སུམ་ཚོགས་པ་ཞིག་རེད་འདུག་པ་དང་། བོད་ཀྱི་དཔེ་མཛོད་ཁང་ནས་ཀུན་ཕན་དེབ་ཕྲེེང་༢༡ པར་དཔར་དུ་བསྐྲུན་འདུག 

༤) <<སློབ་ཁྲིད་ལུགས་ལྡོག>>ཅེས་པའི་དཔེ་དེབ་འདི་ནི་འཇིགས་མེད་འཕྲིན་ལས་ལགས་ཀྱིས་བརྩམས་པ་ཞིག་དང་། ཁོང་གིས་ལོ་ངོ་དྲུག་ཡས་མས་ཀྱི་རིང་དུ་བོད་ཀྱི་སྐད་ཡིག་འཆད་ཁྲིད་དང་སྦྱོང་བརྡར་གྱི་ཉམས་མྱོང་ལས། སློབ་ཁྲིད་ཀྱི་ཐབས་ལམ་སྲོལ་རྒྱུན་དུ་ཡོད་པ་དག་ལས་ཅུང་ཟད་མགོ་མཇུག་ལྡོག་པའི་ཚུལ་གྱིས་སློབ་མའི་ཤེས་ཚད་དང་ནུས་པ་འདོན་ཐབས་ཤིག་དང་། དེ་ཡང་ཁོང་གི་གྲོགས་པོ་འགའི་སྐུལ་མ་གཙོ་བོར་བྱས་ཏེ་དབྱིན་ཡིག་ཡག་པོ་མེད་པའི་དགེ་རྒན་རྣམས་ལ་ལྷག་ཏུ་དམིགས་པ་ཞིག་ཡིན་འདུག དེབ་འདིའི་ནང་དུ་སློབ་ཁྲིད་ལུགས་ལྡོགས་དང་སི་ཨི་ཨེབ་ཨར་(CEFR) གྱི་བྱུང་བ་སོགས་དེང་དུས་སློབ་ཁྲིད་ཐབས་ལམ་གྱི་སྐོར་མང་པོ་ཞིག་འདུག་པ་དང་།  བོད་ཀྱི་དཔེ་མཛོད་ཁང་ནས་སྐད་ཡིག་དེབ་ཕྲེང་༥༤ པར་དཔར་དུ་བསྐྲུན་འདུག་