བོད་ཀྱི་སྐད་ཡིག་གི་ལས་དབང་།  

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༨གི་ཆེད་བརྗོད།)

བོད་ཀྱི་སྐད་ཡིག་རྨང་གཞིར་གྱུར་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་རྣམས་རྒྱུན་འཛིན་དར་སྤེལ་གཏོང་ཆེད་བོད་ཕྱི་ནང་གཉིས་སུ་དཀའ་ལས་གང་མང་ཞིག་བརྒྱབ་ཡོད། ད་ལྟའི་ཆར་བོད་ནང་དུ་བོད་ཀྱི་རིག་གནས་ཧ་ཅང་དར་ཁྱབ་ཆེ་བའི་རྣམ་པ་ཞིག་ཡོད་ལ། ཁམས་དང་ཨ་མདོའི་ས་ཁུལ་དུ་དེ་བས་ཀྱང་གཞི་རྩ་བརྟན་པོ་ཡོད་པའི་རྣམ་པ་དངོས་སུ་མཐོང་རྒྱུ་ཡོད། དེ་ཡང་རེ་བ་ཆེ་ཤོས་བྱེད་ཡུལ་དགོན་སྡེ་ཁག་གཙོ་བོ་ཡིན། རིག་གསར་རྗེས་རྒྱ་གཞུང་གིས་ཅུང་ཙམ་གུ་ཡངས་བཏང་བའི་སྐབས། བོད་ཀྱི་མཁས་པ་རྒན་རབས་པ་མང་པོ་ཞིག་གིས་སློབ་གྲྭ་དང་། མཐོ་སློབ་ཁག་གི་དགེ་རྒན་གནང་བས་བོད་ཀྱི་སྐྱ་བོའི་སྤྱི་ཚོགས་སུའང་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་བཙུགས། དེ་ལ་བརྟེན་ནས་བོད་ཀྱི་མི་སྐྱའི་ནང་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་མཁན་མང་པོ་བྱུང་ཡོད་པ་ནི། སྐྱ་ཆད་སྔོ་སྡུག་གི་སྐབས་དེར་བཞུགས་པའི་བོད་ཀྱི་མཁས་དབང་བླ་སྤྲུལ་དགེ་བཤེས་མཁན་པོ་སོགས་ལྷག་བསམ་ཅན་མང་པོ་ཞིག་བཞུགས་པ་ཁོང་རྣམ་པའི་བཀའ་དྲིན་ཁོ་ན་རེད།

བཙན་བྱོལ་ནང་༧གོང་ས་མཆོག་གིས་དབུ་ཁྲིད་ནས་རྒྱུ་ཚེགས་གང་ལའང་མ་འཛེམས་པར་བོད་ཀྱི་སློབ་གྲྭ་ཟུར་འཛུགས་དང་། རྒྱ་གར་གཞུང་གིས་ཀྱང་དེའི་ཐོག་ལ་མཐུན་འགྱུར་དང་རོགས་རམ་རྒྱ་ཆེན་པོ་གནང་ཡོད། བཙན་བྱོལ་ནང་སློབ་གྲྭ་གསར་འཛུགས་སྐབས་ཀྱི་སློབ་ཕྲུག་རྣམས་ནི་བོད་ཀྱི་སྐད་ཡིག་རིག་གནས་ལ་དགའ་ཞེན་དང་ཤེས་ཡོན་ཆེན་པོ་ཡོད་པ་གང་མང་ཞིག་བྱུང་ཡོད། སྔོན་མ་དང་བསྡུར་ན་མི་ལོ་༦༥ ཙམ་སོང་བའི་དུས་འདིར་མི་རེ་རེ་བྱས་ནས་བལྟས་ན། བོད་ཀྱི་རིག་གནས་ཤེས་ཚད་ཧ་ཅང་ཡག་པོ་ཡོད་པ་ཉུང་དུ་སོང་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་བོད་ཀྱི་རིག་གནས་ཤེས་མཁན་གྱི་བོད་མི་མང་དུ་སོང་ཡོད་ཅེས་བརྗོད་ཆོག  ལྷག་ཏུ་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ཏུ་བོད་ཀྱི་རིག་གནས་ལ་མཁས་པའི་མི་སྣ་ཧ་ཅང་མང་པོ་འཚར་ལོང་བྱུང་ཡོད། བཙན་བྱོལ་བོད་མི་མང་པོ་ཞིག་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་གནས་སྤོ་བྱེད་པའི་དར་སྲོལ་ཆགས་པས། བཙན་བྱོལ་བོད་མིའི་བོད་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུར་སེམས་ཁྲལ་སྣོན་མ་ཞིག་ཏུ་གྱུར་ཡོད།

སྤྱི་ཚོགས་དྲ་རྒྱ་ཧ་ཅང་དར་ཁྱབ་ཆེ་བའི་སྐབས་འདིར་བོད་ཀྱི་རིག་གནས་རྒྱུད་འཛིན་གྱི་ཐོག་ལ་ནུས་པ་དམིགས་བསལ་ཞིག་ཡོད་ཀྱང་། རྒྱ་དམར་གཞུང་གིས་དམ་དྲག་འོག་དྲ་ལམ་ཁག་ཏུ་ཐད་གཏོང་ཡང་རྒྱ་ཡིག་རྒྱ་སྐད་མ་གཏོགས་བེད་སྤྱོད་གཏོང་མི་ཆོག་པའི་བཀའ་རྒྱ་ནན་པོ་བཏང་བ་མ་ཟད། སྟངས་འཛིན་དོ་དམ་ཡང་ནན་པོ་བྱེད་བཞིན་ཡོད་པས། སྤྱི་ཚོགས་དྲ་ལམ་བརྒྱུད་ནས་བོད་ཀྱི་རིག་གནས་རྒྱུད་འཛིན་བྱ་རྒྱུར་འགལ་རྐྱེན་ཆེན་པོ་ཡོད། བོད་ནང་དུ་བོད་མི་ལྷག་བསམ་ཅན་རྣམས་ཀྱིས་འབད་བརྩོན་བྱས་པའི་སྒེར་བཙུགས་སློབ་གྲྭ་ཁག་བོད་ཀྱི་རིག་གནས་རྒྱུད་འཛིན་གྱི་ནུས་པ་ཐོན་བཞིན་ཡོད་ཀྱང་། སྒེར་བཙུགས་སློབ་གྲྭ་ཁག་སྒོ་བརྒྱབ་པས་བོད་ཀྱི་རིག་གནས་རྒྱུད་འཛིན་བྱ་རྒྱུའི་རེ་བ་ཆེན་པོ་ཞིག་རྩ་མེད་དུ་བཏང་ཡོད། བོད་ཕྲུག་ན་གཞོན་རྣམས་ལ་རྒྱའི་སྐད་ཡིག་དང་། རྒྱའི་རིག་གནས་ཁོ་ནས་ཤན་ཤུགས་ཐེབས་ཐུབ་པའི་སྲིད་བྱུས་བཟུང་ཡོད་པས། རིང་པོར་མི་ཐོགས་པར་མི་རབས་གསར་པའི་དཔུང་ཁག་ཏུ་བོད་ཡིག་བོད་སྐད་མི་ཤེས་མཁན་ཉུང་དུ་འགྲོ་ངེས་རེད།

བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཁ་འཐོར་ནས་བསྡད་ཡོད་པ་དང། རྒྱ་གར་གཅིག་པུར་མཚོན་ནའང་ཤར་ལྷོ་ནུབ་བྱང་གང་སར་སྤྱི་ཚོགས་ཆེན་པོ་ཞིག་གི་ནང་དུ་གནས་ཡོད་པས། སློབ་གྲྭའི་ཁོར་ཡུག་ཙམ་ལས་སྤྱི་ཚོགས་ཁྲོད་ཚོང་ཁང་ཆུང་ངུ་ཞིག་ཏུ་འགྲོ་དགོས་ཀྱང། སྐད་ཡིག་གཞན་དག་ཅིག་བེད་སྤྱོད་བྱེད་དགོས་པས་བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་བྱ་རྒྱུར་དཀའ་ངལ་ཆེན་པོ་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཟའ་མཇུག་སློབ་གྲྭ་གསར་འཛུགས་བྱས་ནས་བོད་ཀྱི་སྐད་ཡིག་གནས་ཐུབ་པའི་ཐབས་ཤེས་བྱེད་བཞིན་ཡོད་ཀྱང་། དོན་དངོས་སུ་རྒྱ་གར་དུ་སློབ་གྲྭར་འགྲོ་མྱོང་མཁན་གྱི་ཕྲུ་གུ་ཚོ་མ་གཏོགས། གཞན་དག་གིས་བོད་སྐད་བཤད་ཐུབ་པ་ཞིག་དང་། བོད་ཡིག་ངོ་ཤེས་ཐུབ་ཙམ་ལས་བོད་ཀྱི་རིག་གནས་རྒྱུད་འཛིན་ཐད་མཁས་པ་ཆེན་པོ་ཞིག་གསོ་སྐྱོང་བྱ་རྒྱུའི་རེ་བ་གཏན་ནས་མེད། རྒྱ་གར་ནང་དུའང་རིམ་པས་གནས་སྟངས་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད། གནས་སྐབས་ཆོས་སྡེ་ཁག་ཡོད་པ་ཙམ་ལས་རེ་བ་རྒྱག་ས་གཞན་གང་ཡང་མེད།

མདོར་ན་ད་ལྟ་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་དར་ཁྱབ་ཆེན་པོ་ཡོད་ནའང། ལོ་མང་པོ་མི་འགོར་བར་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཡོད། བོད་ནང་དུ་རྒྱ་གཞུང་གིས་སྟངས་འཛིན་དང་དམ་དྲག་ཆེན་པོ་ཡོད་ཀྱང་། བོད་ཀྱི་སྐད་ཡིག་ཆེད་སེམས་ཤུགས་དང་ལ་རྒྱ་ཡོད་མཁན་མང་པོ་ཡོད་པས། རེ་བ་རྒྱག་ས་གཏན་ནས་མེད་པ་ཞིག་མིན། བཙན་བྱོལ་ནང་ཉམས་གུད་དུ་འགྲོ་རྒྱུ་ཉག་གཅིག་ལས་ཕལ་ཆེར་རེ་བ་ཆེན་པོ་མེད། ད་ལྟ་བོད་ཀྱི་རིག་གནས་རྒྱུད་འཛིན་དགོས་ཞེས་སྐད་རྒྱག་མཁན་གཙོ་བོ་གསར་འབྱོར་རྣམས་ཡིན་མོད། རིམ་པས་འབོད་སྒྲ་དེ་ཡང་གོ་མེད་ཚོར་མེད་དུ་འགྱུར་སྲིད། དེང་སྐབས་གངས་ཅན་སྐྱིད་གཤོངས་སུ་བོད་ཡིག་གི་ཁོར་ཡུག་རྒྱ་མི་ཆུང་ཙམ་ཡོད་ཀྱང་མ་འོངས་པར་ཁག་པོ་ཡིན། དགོན་སྡེ་ཁག་ཏུ་ཞུགས་མཁན་བོད་མི་ཧ་ཅང་དཀོན་པས་རིམ་པས་དེ་ལའང་རེ་བ་རྒྱག་ཡུལ་ཞིག་མེད་པས། བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་བྱ་རྒྱུ་དེ་ལྟོ་ཁ་གང་ཙམ་དང་། གོས་རྒྱབ་གང་ཙམ་དང་མི་འདྲ་བར་མི་རིགས་ཤིག་བླ་སྲོག་ལ་ཐུག་ཡོད་པས་ཚང་མས་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེ།།