བོད་དོན་འཐབ་རྩོད་ཀྱི་གོ་སྐབས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༧༣ ཕྱི་ལོ་ ༢༠༢༡/༡༢/༡༥
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་འཆར་ཡོད་པའི་ཕྱི་ལོ་༢༠༢༢ ལོའི་དགུན་དུས་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དེར། ངོ་རྒོལ་བྱེད་མཁན་གྱི་ཚོགས་སྒེར་མང་པོ་ཞིག་ཡོང་བཞིན་པ་དང་། ལྷག་པར་དུ་སུད་སི་གྲོང་ཁྱེར་ལོ་ཟན་ནིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལས་ཁུངས་སུ་བཙན་བྱོལ་བོད་མི་ཁག་ཅིག་གིས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་སོགས། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དུ་མ་ཞིག་ནས་ངོ་རྒོལ་སྐད་འབོད་བྱེད་མཁན་མང་པོ་བྱུང་དང་ཡོང་བཞིན་ཡོད། དེ་ཙམ་དུ་མ་ཟད་ཨ་མི་རི་ཀ་དང་། དབྱིན་ཡུལ། ཨོ་སི་ཁྲུ་ལི་ཡ། ནེའུ་ཟེར་ལེན་ཌི། ཅེག་སྤྱི་མཐུན་རྒྱལ་ཁབ་སོགས་རྒྱལ་ཁབ་མང་དག་ཅིག་གིས་པེ་ཅིང་དུ་འཚོག་འཆར་ཡོད་པའི་དགུན་དུས་ཨོ་ལིམ་ཕིག་རྩེད་འགྲན་དེར་གཞུང་འབྲེལ་གྱི་མི་སྣ་སུ་ཡང་བཅར་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད། ཕྱི་ལོ་༢༠༠༨ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་སྐབས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་མང་དག་ཅིག་གིས་ཞི་བའི་ངོ་རྒོལ་སྐད་འབོད་རབས་དང་རིམ་པ་བྱས་ཡོད་ཀྱང་། སྲིད་གཞུང་ཁག་གིས་འདི་ལྟ་བུའི་རྣམ་འགྱུར་བསྟན་མེད།
སྐབས་དེར་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོའི་སྐབས། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་དག་ཅིག་གི་སྲིད་འཛིན་དང་སྲིད་བློན་སོགས་སྐུ་མགྲོན་དུ་ཕེབས་ཡོད་ཀྱང་། མི་ལོ་༡༣ ཙམ་གྱི་རིང་འདི་ལྟ་བུའི་འགྱུར་བ་ཆེན་པོ་ཞིག་འགྲོ་བའི་རྒྱུ་མཚན་སྣ་ཚོགས་ཤིག་ཡོད་པ་དང་། རྒྱ་ནག་གིས་ཚོང་དང་ཤེས་ཡོན་གྱི་འབྲེལ་བའི་ནང་དུའང་གཡོ་སྒྱུ་ཁྲམ་གསུམ་འབའ་ཞིག་བརྟེན་ནས་མགོ་སྐོར་བཏང་བ་ཟད། ལག་རྩལ་དང་ཚོང་ལས་ཀྱི་གསང་བ་རྐུ་འཁྱེར་བྱས་ནས་ཨ་རི་སོགས་རྒྱལ་ཁབ་མང་དག་ཅིག་ལ་གྱོང་གུད་ཆེན་པོ་སྤྲད་ཡོད། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ལ་རྒྱ་ནད་ཏོག་དབྱིབས་ལ་བརྟེན་ནས་ད་བར་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ། རྒྱ་ནད་དེ་ཕོག་པའི་མི་གྲངས་༢༧༡,༧༠༤,༥༠༢ (དུང་ཕྱུར་གཉིས་དང་བྱེ་བ་བདུན། ས་ཡ་ས་གཅིག བདུན་འབུམ། ཁྲི་མེད་བཞི་སྟོང་ལྔ་བརྒྱ་ཉི་ཤུ་ཐམ་པ་)བྱུང་ཡོད་པ་དང་། ད་བར་རྒྱ་ནད་ཀྱིས་གྲོངས་པ་མི་གྲངས་༥,༣༣༦,༣༦༠ (ས་ཡ་ལྔ་དང་སུམ་འབུམ་སུམ་ཁྲི་དྲུག་སྟོང་སུམ་བརྒྱ་དྲུག་ཅུ)བྱུང་ཡོད་པ་སོགས་ཀྱིས་རྒྱ་གཞུང་གི་གདོང་རིས་ངོ་མ་གསལ་པོར་གྱུར་ཡོད།
ནད་འབུ་དེ་རྒྱ་གཞུང་གིས་ཆེད་དུ་བཟོས་ནས་བཀྲམ་པ་ཞིག་ཏུ་དོགས་པ་བྱེད་མཁན་ཡོད་ལ། ཁྱབ་བརྡལ་གཏོང་སྟངས་ཀྱི་ཐོག་ལ་རྒྱ་ནག་གཞུང་གིས་གཡོ་འཕྲུལ་སྣ་ཚོགས་ཤིག་བྱས་ཡོད་པས། ནད་ཡམས་འདི་ལ་བརྟེན་ནས་འཛམ་གླིང་གི་ཁྱོན་ཡོངས་སུ་མིའི་ཚེ་སྲོག་ལ་གནོད་སྐྱོད་བཏང་བ་མ་ཟད། དཔལ་འབྱོར་གྱི་ཐོག་ནས་ཀྱང་བསུབ་ཐབས་མེད་པའི་གྱོང་གུད་ཆེན་པོ་སྤྲད་ཡོད། དེར་བརྟེན་འཛམ་གླིང་ཤར་ནུབ་ཀུན་ཏུ་རྒྱ་གཞུང་ལ་འཁོན་འཛིན་ཤུགས་ཆེ་རུ་སོང་ཡོད་ལ། ད་ལྟའི་ཆར་ཨ་རིས་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་འཛེམས་ཟོན་གང་ཡང་མེད་པར་རྒྱ་གཞུང་ལ་སྐྱོན་བརྗོད་དང་ཁ་གཏད་གཅོག་གི་ཡོད། ཕྱི་ལོ་༢༠༢༢ ཟླ་༢ པའི་ནང་འཚོག་འཆར་ཡོད་པའི་རྩེད་འགྲན་ལ་གཞུང་འབྲེལ་མི་སྣ་སུ་གཅིག་ཕེབས་རྒྱུ་མིན་པའི་ཐག་གཅོད་ནི། རྒྱ་གཞུང་ལ་ཆབ་སྲིད་ཀྱི་ཐོག་ནས་རྣམ་འགྱུར་ཆེན་པོ་ཞིག་དང་། འདི་ནི་རྒྱ་གཞུང་གི་དབང་བསྒྱུར་འོག་ཡོད་པའི་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་། ལྷོ་སོག་བཅས་ལ་བཅས་ལ་མཚོན་ན་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་འཚོལ་རྒྱུའི་གོ་སྐབས་ཆེན་པོ་ཞིག་ཏུ་གྱུར་ཡོད།
བོད་དོན་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་བརྡ་ལན་མི་འདྲ་བ་ཞིག་བྱུང་ཡོད་པ་ནི། ཨ་རིའི་གཞུང་ནས་འཚོག་ལ་ཉེ་བའི་རྩེད་འགྲན་ཆེན་མོ་དེར་གཞུང་འབྲེལ་མི་སྣ་སུ་གང་ཕེབས་རྒྱུ་མིན་པའི་རྒྱུ་མཚན་ནང་། བོད་ཀྱི་གནད་དོན་དེ་འཁོད་ཐུབ་མེད་པ་དང་། དེའི་རྗེས་སུ་བྱུང་བའི་སྲིད་གཞུང་མང་པོ་ཞིག་གིས་ཀྱང་དེ་དང་གཅིག་མཚུངས་བྱས་ཡོད། དོན་དངོས་སུ་བོད་ཀྱི་གནད་དོན་ཛ་དྲག་སྔར་བཞིན་གནས་ཡོད་ནའང་། ཨོ་ལིམ་ཕིག་རྩེད་འགྲན་དང་འབྲེལ་བའི་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེའི་ཐོག་ལ་ད་བར་བརྡ་ལན་ཁ་གསལ་ཞིག་བྱུང་མེད་པ་དང་། བོད་རྒྱ་ཞི་མོལ་གྱི་ལམ་ནས་ཐག་གཅོད་བྱུང་ན་རྒྱ་དམར་གཞུང་འགོ་ཁྲིད་འོག་སྡོད་རྒྱུའི་སྲིད་བྱུས་ཡོད་པས། ད་ལྟའི་ཆར་ཕྱོགས་མང་པོ་ཞིག་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་བོད་དོན་ཐོག་གོམ་པ་མདུན་སྤོ་བྱེད་དཀའ་བ་ཞིག་ཏུ་གྱུར་ཡོད་སྙམ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལྟ་ཅི། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་ཐག་གཅོད་མ་བྱུང་བར་རྒྱ་གཞུང་ལ་ངོ་རྒོལ་བྱེད་མ་ཐུབ་ན་གྲུབ་འབྲས་གང་ཡང་འབྱུང་མི་སྲིད་པ་རེད།
ད་ལྟ་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་སྔར་དང་མི་འདྲ་བའི་གོ་སྐབས་ཆེན་པོ་ཞིག་ཡོད་པ་དེ་དམ་འཛིན་མ་ཐུབ་ན། བོད་ཀྱི་འཐབ་རྩོད་ལ་དོ་སྣང་བྱེད་མཁན་གང་ཡང་མེད་པར་འགྱུར་ངེས་པ་མ་ཟད། བཙན་བྱོལ་བོད་མི་ཚོས་ཀྱང་རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུ་ལས། བོད་པ་ནང་ཁུལ་དུ་ཁ་གཏད་མང་བ་གཅོག་བཞིན་པའི་དུས་ཚོད་ཅིག་ཏུ་སླེབས་ཡོད་པ་ནི། འཐབ་རྩོད་རྩ་མེད་དུ་འགྲོ་བའི་རྒྱུ་རྐྱེན་ཉག་གཅིག་ཏུ་གྱུར་ཡོད། འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ་ན། བོད་དོན་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བ་དང་། བོད་དོན་སྲིད་བྱུས་ཀྱི་ཐོག་ནས་ཀྱང་ཁོར་ཡུག་དང་གནས་སྟངས། ལྷག་པར་དུ་རྒྱ་གཞུང་གི་བྱེད་སྟངས་དང་བསྟུན་ནས་དུས་དང་མཐུན་པའི་འགྱུར་ལྡོག་ཅིག་དགོས་མིན་བསམ་ཞིབ་བྱེད་པའི་དུས་ལ་བབ་ཡོད། མདོར་ན་བོད་དོན་ལས་འགུལ་མང་དུ་གཏོང་ཐུབ་ན་རིམ་པས་ནང་ཁུལ་གྱི་རྩོད་རྙོག་ཁག་ཀྱང་ཉུང་དུ་འགྲོ་བ་དང་། འཐབ་རྩོད་ཀྱི་ལས་འགུལ་ནི་འཕྲལ་ཕུགས་གང་ཐད་ནས་གལ་གནད་ཆེན་པོར་གྱུར་ཡོད།།