བོད་ནང་དུ་ལོ་ངོ་༤༧ རིང་རྒྱ་ནག་དམར་ཤོག་གི་ལས་ཀ་བྱེད་མྱོང་མཁན་ཝུའུ་དབྱིང་ཅེས་ལ་བརྟག་དཔྱད་བྱེད་འགོ་བཙུགས་འདུག
ཟླ་འདིའི་ཚེས་༡༦ རེས་གཟའ་ཉི་མའི་རྒྱ་ནག་གཞུང་འབྲེལ་གྱིས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐུང་ངུ་ཞིག་སྤེལ་བ་ལྟར་ན།
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་དབྱིང་ཅེས་ཀྱིས་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་མེད་ཐོག་བརྟག་དཔྱད་ཞིབ་བཤེར་བྱེད་བཞིན་ཡོད་འདུག རྒྱ་ནག་ལྷོ་ཕྱོགས་ཀྱི་ཞོགས་པའི་གསར་འཕྲིན་སོགས་ཀྱི་ནང་དུ། ལོ་ན་༦༧ ཡིན་པའི་ཝུའུ་དབྱིང་ཅེས་ནི་༡༩༧༤ ནས་༢༠༢༡ བར་མཐོ་རིམ་འགོ་ཁྲིད་ལོ་ལྔ་བརྩིས་པ་ལས་རིགས་མི་འདྲ་བའི་དུ་མའི་ཐོག་ལོ་༤༧ ཙམ་གྱི་རིང་བོད་ནང་དུ་ལས་ཀ་བྱས་ཡོད་པར་བརྗོད་འདུག་ལ། ཁོ་ནི་བོད་དུ་དབང་སྒྱུར་བྱེད་མཁན་དམར་ཤོག་མི་རབས་དང་པོའི་གྲས་ཡིན་འདུག་པ་དང་། ༡༩༩༨ ལོར་བོད་རང་སྐྱོང་ལྗོངས་ལྗོངས་སློབ་གསོ་ལྷན་ཁང་གི་དྲུང་ཆེ་གཞོན་པ་དང་། ༢༠༠༥ ལོར་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན། ཕྱི་ལོ་ ༢༠༠༦ ལོར་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཞོན་པ་དང་། ཕྱི་ལོ་ ༢༠༡༣ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་གཞོན་པ། ༢༠༡༦ ནས་༢༠༢༡ བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ། ད་ལྟ་རྒྱ་ནག་དམར་ཤོག་གཞུང་གི་སྐབས་བཅུ་བཞི་བའི་རྒྱལ་ཡོངས་མི་མང་འཐུས་མིའི་རྒྱུན་ལས་དང་། རིག་གནས་ལོ་རྒྱུས་དང་འཕྲོད་བསྟེན་ལྷན་ཁང་གི་བཅས་འགོ་ཁྲིད་ཡིན་འདུག
སྤྱི་ལོ་༢༠༢༢ དང་༢༠༢༣ ལ་ཨ་རིའི་གཞུང་ནས་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་བྱེད་སྐབས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྒྱུད་རིམ་དུ་ཁོས་ཁྲིམས་ལུགས་གང་ལའང་བརྩི་འཇོག་མི་བྱེད་པར་ཉེས་མེད་བོད་མི་བསད་པ་དང་། མནར་གཅོད་བཏང་བ། བཙན་འཁྲིད་བྱས་པ་ཚུད་པའི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བ། བོད་ནང་གི་བུད་མེད་མང་པོ་ཞིག་གི་སྐྱེ་སྒོ་བཀག་པ་དང་མངལ་ཤོར་དུ་བཅུག་པ། བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་ལ་མནར་གཅོད་ཚད་མེད་བཏང་བ། བོད་ཕྲུག་ཚོ་ཕ་མ་དང་ཁ་བྲལ་བཏང་བ་དང་མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭ་བཙུགས་ནས་རྒྱ་བསྒྱུར་སྲིད་ཇུས་སྤེལ་བ་སོགས་ལ་བརྟེན་ནས། ཨ་རིའི་ནང་དུ་ཡོད་པའི་ཁོའི་རྒྱུ་དངོས་རྣམས་བཀོལ་སྤྱོད་མི་ཐུབ་པ་བཟོ་བ་དང་ཐོངས་མཆན་ཡིག་ཆ་བཀག་སྡོམ་བཅས་ཀྱི་ཉེས་ཆད་བཅད་ཡོད་པ་བཞིན། ཁོས་བོད་ནང་དུ་སྡོད་ཡུན་རིང་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་རྒོལ་རྡུང་དང་ནང་ཆོས་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་སོགས་གདུག་རྩུབ་ཅན་གྱི་སྲིད་ཇུས་སྤེལ་བ་དང་། མདོ་ཁམས་ཕྱོགས་ཀྱི་བོད་མི་ཚོར་ལྷ་ས་སོགས་ལ་གནས་མཇལ་ཡོང་བར་བཀག་སྡོམ། ཆབ་སྲིད་བཙོན་པས་མཚོན་པའི་བོད་མི་རྣམས་ལ་དཀའ་སྡུག་ཚད་མེད་སྤྲད་ཡོད་པ་རེད། ཁ་སང་རེས་གཟའ་ཉི་མར་ཁོ་ལ་བརྟག་དཔྱད་ཞིབ་བཤེར་བྱ་རྒྱུའི་གནས་ཚུལ་བརྙན་ལམ་ཁག་ནས་སྤེལ་སྐབས། བརྙན་གྱི་འོག་ཏུ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་གནས་སྡོད་བྱེད་མཁན་བོད་པ་གཙོས་པའི་མི་མང་པོ་ཞིག་གིས་བཀྲ་ཤིས་བདེ་ལེགས་དང་ཡག་པོ་བྱུང་ཞེས་དང་། མཐེབ་མོ་སློང་བ་དང་དཀོན་མཆོག་གིས་གཟིགས་པ་རེད་སོགས་དགའ་སྣང་གི་ཚོར་བ་སྟོན་མཁན་མང་པོ་ཞིག་འདུག ཁོ་ནི་ཉེ་ཆར་རྒྱ་གཞུང་གི་ལྐོག་ཟ་རུས་སུངས་ལ་རྡུང་རྡེག་གི་མིང་འོག་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་མཐོ་རིམ་འགོ་ཁྲིད་ཞིབ་བཤེར་བྱས་པ་༥ པ་དེ་དང་། ༢༠༢༢ ནང་རྒྱ་ནག་དམར་ཤོག་ཚོགས་ཐེངས་༢༠ པ་གྲོལ་རྗེས་རྒྱ་ནག་གི་བློན་ཆེན་རིམ་པའི་གོ་ས་ཅན་གྱི་ཆེས་མཐོའི་འགོ་ཁྲིད་ཞིབ་འཇུག་བྱས་པ་མཐའ་མ་བརྒྱད་པ་དེ་ཡིན་འདུག གཞུང་འབྲེལ་གསལ་བསྒྲགས་ནང་ཁོས་ཁྲིམས་འགལ་ཚབས་ཆེན་གྱི་དོགས་པ་ཡོད་པས་ཞིབ་བཤེར་བྱེད་རྒྱུ་ཡིན་པར་བརྗོད་པ་ལས། དེ་ལས་སྤྲོས་པའི་གནས་ཚུལ་གང་ཡང་བསྒྲགས་མེད་པ་དང་། དེ་ནི་ནམ་རྒྱུན་འགོ་ཁྲིད་གཞན་དག་ཞིབ་བཤེར་བྱེད་སྐབས་ཕྱིར་བསྒྲགས་བྱེད་སྟངས་ཤིག་ཡིན་འདུག །
གསར་འགོད་པ། བསྟན་འཛིན་ལམ་བཟང་།