བོད་ནང་དྲག་གནོན་སྲིད་བྱུས་ལ་སྐྱོན་བརྗོད་དང་ཡང་སྲིད་ལ་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་པའི་གྲོས་འཆར།
ཨོ་གླིང་གྲོས་ཚོགས་གོང་མའི་ནང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་༸གོང་ས་མཆོག་གི་ཡང་སྲིད་ལ་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་པའི་གྲོས་འཆར་ཅིག་བཏོན་འདུག

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༧ པ་དང་བསྟུན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་སྦྲེལ་པོ་ལྕམ་སྐུ་ཌེ་བྷོ་རཱ་ཨོ་ནིལ་ (Deborah O’Neill)ཀྱིས་ཨོ་གླིང་གྲོས་ཚོགས་གོང་མའི་ནང་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མཉམ་འབྲེལ་ཐོག་བོད་ནང་གི་འགྲོ་བ་མིའི་གནས་སྟངས་དང་། བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་བཅས་སྲུང་སྐྱོབ་ཐོག་རྒྱལ་སྤྱིའི་ཐུགས་ཁུར་ཇེ་ཆེར་འགྲོ་བཞིན་པ་གསལ་སྟོན་གནང་བའི་གྲོས་འཆར་ཞིག་སྒྲོགས་སྦྱང་གནང་ཡོད་འདུག དེ་ཡང་ཕྱི་ལོ་༢༠༢༥ ལོར་སྦར་སིལ་དུ་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལྷན་ཚོགས་ཐོག་གྲོས་ཚོགས་འཐུས་མི་ཕན་ཚུན་མཉམ་ལས་ཀྱིས་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུར་སྤྱི་མོས་བྱུང་བ་ལྟར། ཐེངས་འདིའི་ཨོ་གླིང་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་འདོན་སྤེལ་གནང་བ་ནི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པ་ནང་ནས་བོད་དོན་ཐོག་གྲོས་ཚོགས་ནང་གྲོས་ཆོད་འདོན་སྤེལ་གནང་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་འདུག གྲོས་ཆོད་དེར་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ནས་མཉམ་འབྲེལ་ཐོག་རྒྱབ་སྐྱོར་གནང་ཡོད་འདུག་ཅིང་། འདིའི་བརྒྱུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་ཐོག་ཨོ་གླིང་གྲོས་ཚོགས་འཐུས་མི་རྣམས་ནས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་འདུག གྲོས་ཆོད་ཀྱི་ནང་དོན་ནང་༸གོང་ས་མཆོག་དགུང་གྲངས་༩༠ ཕེབས་པར་འཚམས་འདྲི་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་ཀྱིས་སྐུ་ཚེ་གང་པོ་འགྲོ་བ་མི་གཅིག་མཚུངས་དང་། འཚེ་མེད་ཞི་བ། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་དང་མང་གཙོ་གོང་འཕེལ་བཅས་ཀྱི་སླད་བླ་ན་མ་མཆིས་པའི་མཛད་རྗེས་བསྐྱངས་མཛད་པར་ཆེ་བསྟོད་ཞུས་ཡོད་འདུག་ཅིང་། དེ་བཞིན་སྲིད་གཞུང་ཁག་ནས་ཆོས་ལུགས་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱེད་དབང་མེད་པ་བསྐྱར་ནན་གནང་ཡོད། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ངོ་བོ་བཅས་པ་རྩ་མེད་གཏོང་བཞིན་པ་དང་། ལྷག་པར་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རིག་གཞུང་ཐོག་ལ་ཐེ་བྱུས་བྱེད་བཞིན་པའི་ཐོག་ཐུགས་འཚབ་བསྟན་ཡོད་ཅེས་བརྗོད་འདུག རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཞི་བའི་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
