བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཤུགས་རྐྱེན་ངན་པ་ཐེབས་རྒྱུའི་ཉེན་བརྡ།

གོ་ལ་སྤྱི་ཡོངས་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་ཐེབས་བཞིན་ཡོད་པ་དང་། དམིགས་བསལ་བོད་མཐོ་སྒང་ལ་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་དགུན་དུས་གངས་མི་འབབ་པའི་རྐྱེན་གྱིས་གནམ་གཤིས་ཚ་དུས་སུ་འཐུང་ཆུ་དཀོན་པོ་ཆགས་པ་དང། མ་འོངས་པར་བོད་མཐོ་སྒང་གཙོས་བོད་ཀྱི་ཉེ་འཁོར་ཡོད་པའི་མི་ཐེར་འབུམ་༡.༥ ཡི་འཚོ་བ་ལ་དཀའ་ངལ་ཆེན་པོ་སྤྲོད་རྒྱུ་ཡིན་པ་ཚན་རིག་པ་ཚོས་ཉེན་བརྡ་བཏང་འདུག


པར། TCD

ཕྱི་ཚེས་༣ ཉིན་(TCD) ཟེར་བ་བརྒྱུད་ལམ་ཞིག་གི་ཐོག་ཏུ་གནས་ཚུལ་ཞིག་སྤེལ་འདུག་པའི་ནང། བོད་མཐོ་སྒང་གི་ཆུ་བོ་རྣམས་ལ་བརྟེན་བཞིན་པའི་ཉེ་འཁོར་གྱི་མི་ཐེར་འབུམ་༡.༥ ཡི་འཐུང་ཆུར་ཉེན་ཁ་འཕྲད་རྒྱུ་ཡིན་ཚུལ་དང། དེ་ཡང་ the journal Communications Earth & Environment ཞེས་པའི་དུས་དེབ་ཏུ་རྩོམ་ཡིག་ཅིག་བཏོན་པའི་ནང་གོ་ལ་སྤྱི་ཡོངས་ཀྱི་ཚ་དྲོད་འཕར་བཞིན་ཡོད་པའི་རྐྱེན་གྱིས་བོད་ལྟ་བུ་གོ་ལའི་གནས་མཐོ་སར་ཡོད་པའི་གངས་རྣམས་མགྱོགས་པོ་བཞུར་འགྲོ་བ་དང་། མ་འོངས་ཕྱི་ལོ་༢༡༠༠ བསླེབ་དུས་བོད་ཀྱི་ཆུ་བོ་རྣམས་སྐམ་ནས་བོད་དང་བོད་ཀྱི་ཉེ་འཁོར་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ནང་མི་ཐེར་འབུམ་༡.༥ ཡི་འཐུང་ཆུ་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ཚུལ་བརྗོད་འདུག
ཉམས་ཞིབ་པ་ཚོས་ད་ལྟ་བོད་མཐོ་སྒང་ལ་དཀའ་ངལ་ཆེ་ཤོས་ནི་དགུན་ནམ་གནམ་གཤིས་གྲང་བའི་སྐབས་སུ་གངས་མ་བབས་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་བརྗོད་འདུག བོད་ནི་ཨེ་ཤི་ཡའི་ཆུ་བོ་ཆེན་པོ་བཅུའི་འབྱུང་ཁུངས་ཡིན་པ་དང་། བོད་ལ་ཡོངས་གྲགས་སུ་ཨེ་ཤི་ཡའི་ཆུ་མཛོད་ (the Asian Water Tower) ཅེས་འབོད་ཀྱི་ཡོད་པར་བརྟེན་། བོད་ཀྱི་ཆུ་བོ་དེ་དག་ལ་ཁྱོན་མི་འབོར་ཐེར་འབུམ་༡.༥ ཡི་འཚོ་བར་བརྟེན་གྱི་ཡོད་པས། བོད་ལ་དཀའ་ངལ་འཕྲད་ན། གཞན་རྣམས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་བརྗོད་འདུག
གནམ་གཤིས་སྐོར་གྱི་ཚན་རིག་པ་ཚོས་མ་འོངས་ཕྱི་ལོ་༢༡༠༠ བར་བསླེབ་དུས་གོ་ལའི་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་༦༦ ཙམ་ལ་འཐུང་ཆུར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད་འདུག དེ་བཞིན་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་མ་བྱས་ཚེ། བོད་ཀྱི་ཆུ་བོའི་གཤམ་དུ་གནས་སྡོད་བྱེད་མཁན་གྱི་ལུང་པ་༥༠༠ ཙམ་ལ་དབྱར་དུས་ཆུ་ལོག་ཡོང་བ་དང་། དགུན་དུས་འཐུང་ཆུ་མེད་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ཚུལ། 
མ་འོངས་པར་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་ཆེད་ཐོག་མར་གཞུང་དང་ཚོགས་སྡེ་སོ་སོ་ངོས་ནས་གནམ་གཤིས་འགྱུར་ལྡོག་སྐོར་ཞིབ་འཇུག་བྱེད་དགོས་པ་དང་། ཞིབ་འཇུག་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་དང་། ཁྲིམས་སྒྲིག་ལག་བསྟར། འཐུང་ཆུ་ཉར་ཚགས་བྱེད་ཐབས་སོགས་ཀྱི་སྐོར་ཐབས་ལམ་འཚོལ་དགོས་ཞེས་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།