བོད་མཐོ་སྒང་ནས་ལོ་ངོ་༤༨༠༠ སྔོན་གྱི་གནའ་རྫས་འདྲ་མིན་རྙེད་སོན་བྱུང་འདུག

འདས་པའི་ལོ་ངོ་ལྔ་ཙམ་གྱི་རིང་། གནའ་རྫས་བརྟག་དཔྱད་པ་ཚོས་ཞིབ་འཇུག་བརྟག་དཔྱད་བྱས་པ་བརྒྱུད། བོད་མཐོ་སྒང་ནས་ལོ་ངོ་༤༨༠༠ སྔོན་གྱི་གནའ་རྫས་རྙེད་སོན་བྱུང་ཡོད་པ་མ་ཟད། རྡོ་ཆས་དུས་རབས་གསར་མའི་རིག་གཞུང་དེ་ལོ་བཞི་སྟོང་ལྷག་གི་གོང་ནས་བོད་མཐོ་སྒང་དུ་བྱུང་ཡོད་པ་ཤེས་རྟོགས་ཐོག་མར་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

པར། TIBETOL.CON

ཟླ་འདིའི་ཚེས་༣༡ ཉིན་(GreekReporter) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཞེས་པའི་ཁོངས་གཏོགས། མཚོ་འགྲམ་གྱི་གནའ་བོའི་གཞིས་ཆགས་(lakeside Settlement) སུ་གྲགས་པའི་ས་ཆ་ལ། ལོ་ངོ་༤,༨༠༠ ཡི་སྔོན་གྱི་གནའ་རྫས་རྙེད་སོན་བྱུང་ཡོད་འདུག་པ་དང་། ས་ཁུལ་དེ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་༤,༤༡༠ ནས་༤,༤༣༠ བར་ཟིན་ཞིང་། རྒྱ་ཁྱོན་ལ་མི་ཊར་གྲུ་བཞི་མ་༡༤༠,༠༠༠ ཡོད་འདུག ས་ཁུལ་དེ་ཕྱི་ལོ་༢༠༡༩ ལོ་ཐོག་མར་ངོས་འཛིན་བྱས། ད་བར་རྙེད་སོན་བྱུང་པའི་རྡོ་ཆས་དུས་རབས་གསར་མའི་གནའ་ཤུལ་མཐོ་ཤོས་སུ་གྱུར།
རྡོ་ཆས་དུས་རབས་གསར་མ་ནི་སྤྱི་ལོའི་སྔོན་གྱི་ལོ་༨༠༠༠ ནས་༥༠༠༠ བར་གྱི་མི་རྣམས་ཀྱིས་རྡོ་ལས་བཟོས་པའི་ཡོ་ཆས་དང་། མཚོན་ཆའི་རིགས་སྤྱོད་པ་དང་གནས་གཅིག་ཏུ་གཞིས་ཆགས་ཏེ་ཞིང་ལས་བྱེད་འགོ་བཙུགས་པའི་དུས་སྐབས་སུ་ཡིན་འདུག ས་དམའ་བའི་ས་ཁུལ་མང་པོ་ཞིག་ཏུ་རྡོ་ཆས་དུས་རབས་གསར་མའི་གནའ་ཤུལ་མང་པོ་རྙེད་སོན་བྱུང་ཡོད་ན་ཡང་། བོད་དུ་རྙེད་པའི་རྡོ་ཆས་དུས་རབས་གསར་མའི་གནའ་རྫས་ཀྱིས་གནའ་བོའི་མི་རྣམས་ས་མཐོའི་ཁོར་ཡུག་རྩུབ་པོའམ། དཀའ་ཚེགས་ཆེ་བའི་ནང་འཚོ་གནས་ཐུབ་ཡོད་པའི་སྐོར་གསལ་སྟོན་བྱས་པ་ཞིག་ཆགས་འདུག

ཕྱི་ལོ་༢༠༢༠ ནས་༢༠༢༤ བར་ལོ་ངོ་ལྔ་ཙམ་གྱི་རིང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཁང་ཞེས་པས་ལན་ཀྲོའུ་སློབ་ཆེན་དང་པེ་ཅིང་སློབ་ཆེན་གྱི་ཞིབ་འཇུག་པ་དང་ལྷན་མཉམ་འབྲེལ་ཐོག་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མ་ཕུ་མཚོའི་(Mapu Tsho) ཁུལ་དུ་སྔོག་འདོན་བྱས་པ་བརྒྱུད། མ་ཕུ་མཚོའི་ཁུལ་དུ་གཞིས་ཆགས་པའི་མི་རྣམས་ཀྱིས་མཚོ་ནང་གི་ཉ་དང་། བཟའ་རུང་བའི་རྩི་ཤིང་སོགས་མཚོའི་ཐོན་ཁུངས་བེད་སྤྱོད་བྱས་ནས་མཐོ་སྒང་གི་ཁོར་ཡུག་ལ་འཚོ་གནས་བྱེད་ཐབས་གསར་གཏོད་བྱས་ཡོད་པ་དང་། གནའ་རྫས་བརྟག་དཔྱད་པ་ཚོས་ད་བར་མི་ཊར་གྲུ་བཞི་མ་༡༦༥༠ ཙམ་སྔོག་འདོན་བྱས་ཏེ་ས་གནས་འདིའི་གནའ་བོའི་མིའི་བྱེད་སྒོའི་སྐོར་གསལ་སྟོན་བྱས་པའི་དངོས་རྫས་གལ་ཆེན་མང་པོ་རྙེད་སོན་བྱུང་ཡོད་འདུག

སྔོག་འདོན་བྱས་པའི་གནའ་རྫས་དག་གིས་ས་ཁུལ་གྱི་མེས་པོའམ། གནའ་མི་རྣམས་ནི་ཤར་ཨེ་ཤེ་ཡའི་མི་རིགས་དང་མཐུན་པ་དང་། བོད་མཐོ་སྒང་གི་གདོད་མའི་མི་རིགས་ཀྱི་མཚོན་རྟགས་ཡིན་པ་གསལ་སྟོན་བྱས་ཡོད་འདུག ཞིབ་འཇུག་པ་ཚོས་སྔོག་འདོན་བྱས་པའི་རྩི་ཤིང་གི་ཤུལ་རྗེས་དང་ས་རྡུལ་ནང་གི་གནའ་བོའི་རིགས་རྫས་བཅས་ལ་རྗེས་སུ་བརྟག་དཔྱད་བྱས་པའི་གྲུབ་འབྲས་སུ། ས་ཁུལ་དེར་ལོ་ངོ་༤༨༠༠ ནས་༢༠༠༠ སྔོན་ལ་མི་གནས་སྡོད་བྱས་ཡོད་པ་ར་སྤྲོད་བྱུང་ཡོད་པ་མ་ཟད། གནའ་རྫས་བརྟག་དཔྱད་པའི་འགན་འཛིན་དབང་འདུས་(Shargan Wangdue) གྱིས། བརྟག་དཔྱད་བྱས་པའི་འབྲས་བུས་ས་ཁུལ་དེར་ལོ་སྟོང་ཕྲག་མང་པོའི་རིང་། མི་རྣམས་རྒྱུན་མཐུད་གནས་སྡོད་བྱས་པའི་བདེན་དཔང་བྱས་ཡོད་པ་དང་། མ་ཕུ་མཚོ་འགྲམ་གྱི་ས་ཁུལ་དེས་གནའ་བོའི་མཐོ་སྒང་གི་མི་རྣམས་ཀྱིས་མཚོའི་ཐོན་ཁུངས་བེད་སྤྱོད་བྱེད་སྟངས་དང་། རིག་གཞུང་དང་དཔལ་འབྱོར་གྱི་བྱེད་ཐབས་འདྲ་མིན་སྤྱད་དེ་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བར་འཚོ་ཐབས་བྱས་པའི་དཔེ་མཚོན་དངོས་མཁོ་སྤྲོད་བྱས་ཡོད་པ་སོགས་བརྗོད་འདུག

ཞིབ་འཇུག་པ་ཚོས་བོད་དབུས་ཁུལ་དུ་ཐུན་མོང་མ་ཡིན་པའི་རྡོ་ཆས་དུས་རབས་གསར་མའི་རིག་གཞུང་གི་འབྱུང་ཁུངས་དེ་ལོ་ངོ་༤༠༠༠ ཙམ་གྱི་སྔོན་ལ་ཡོད་པ་ཐེངས་དང་པོར་རྙེད་སོན་བྱུང་ཡོད་པ་དང་། རྙེད་དོན་དེས་མཐོ་སྒང་གི་གདོད་མའི་དཔལ་ཡོན་གྱི་ཡར་རྒྱས་ཤེས་རྟོགས་བྱུང་བར་གྲུབ་བྲས་གསར་པ་ཐོན་ཡོད་པར་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།