བོད་མི་གནས་སྐོར་བ་ཕྱིར་ལོག་དགོས་པའི་ཉེན་བརྡ།
རྒྱ་གར་རྡོ་རྗེ་གདན་དུ་བོད་ནས་གནས་སྐོར་བ་མང་པོ་ཡོང་ཡོད་པ་དང་། དེང་སྐབས་རྡོར་གདན་དུ་༧གོང་ས་མཆོག་གིས་གསུང་ཆོས་གནང་གི་ཡོད་པས། རྒྱ་ནག་གཞུང་གིས་གནས་སྐོར་བ་ཚོ་མགྱོག་པོ་བོད་ལ་ལོག་དགོས་པའི་གནོན་ཤུགས་སྤྲད་ཡོད་འདུག
ཟླ་འདིའི་ཚེས་༡༩ གནས་ཚུལ་ཤེས་རྟོག་བྱུང་བ་ལྟར་ན། བོད་མི་གནས་སྐོར་བ་ཚོས་ཐོག་མར་ཕྱི་བསྐྱོད་ལག་ཁྱེར་ལེན་སྐབས་ས་གནས་ཀྱི་ལས་བྱེད་རེས་འགན་ཁུར་ཡོད་པ་དང་། དེང་སྐབས་རྒྱ་ནག་གཞུང་ངོས་གནས་འགན་ཁུར་བྱེད་པར། སོ་སོས་འགན་ཁུར་སའི་གནས་སྐོར་བ་དེ་མགྱོག་པོ་བོད་ལ་ལོག་འཇུག་དགོས་པའི་སྡུག་ར་བསྐུལ་ཡོད་འདུག དཀར་མཛེས་ཁུལ་དང་རྔ་པ་ཁུལ་ནས་གནས་སྐོར་བ་མང་པོ་ཡོད་འདུག་ལ། དེང་སྐབས་མང་པོ་ཕྱིར་ལོག་དགོས་བྱུང་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།