བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་ཚོགས་འདུ་མཇུག་བསྒྲིལ་འདུག
ཉེ་ཆར་ཉིན་གྲངས་གསུམ་གྱི་རིང་ལྡི་ལིར་རྟེན་གཞི་བྱས་པའི་རོ་ཡལ་གསོལ་མགྲོན་ཁང་དུ་གོ་སྒྲིག་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་དེ་མཇུག་བསྒྲིལ་གནང་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བརྒྱུད་ལམ་གནས་ཚུལ་ལྟར་ན། ཕྱི་ཟླ་ ༡༢ པའི་ཚེས་ ༡༣ ཉིན་ཨ་རིའི་རོགས་ཚོགས་ (NDI) ཀྱི་མཐུན་འགྱུར་འོག་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཉིན་གྲངས་གསུམ་རིང་གོ་སྒྲིག་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་ཚོགས་འདུ་དེ་ཉིད་ལྡི་ལིར་དབུ་འཛུགས་གནང་འདུག་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་གཙོས་པའི་སྤྱི་འཐུས་རྣམ་པ་མཉམ་ཞུགས་གནང་འདུག་པ་དང་། ཉིན་དང་པོར་རྒྱ་གར་གྱི་གནད་ཡོད་མི་སྣ་སོགས་ཁག་ཅིག་ཕེབས་ཏེ། བོད་ཀྱི་གནད་དོན་གོང་སྤེལ་གཏོང་ཐབས་སོགས་ཀྱི་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག
ཉིན་རྗེས་མ་གཉིས་ཀྱི་ནང་རྒྱལ་སྤྱིའི་ནང་དབུ་ཁྲིད་ཕན་ཚུན་འབྲེལ་ལམ་གནང་ཕྱོགས་སོགས་དང་། དབུ་ཁྲིད་དག་གི་གདན་ཐོབ་སྒྲིག་སྟངས། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་སྐུ་མགྲོན་དུ་གདན་ཞུ་གནང་སྐབས་ཕེབས་བསུ་ཆེ་བསྟོད་ཞུ་ཕྱོགས་དང་། ཐབས་བྱུས་དང་ལྡན་པའི་ཞུ་སྐུལ་གནང་སྟངས། དཔོན་རིགས་མཇལ་འཕྲད་སྐབས་གུས་ལུགས་འཚམས་འདྲི་དང་གྲོས་མོལ་གནང་ཕྱོགས། རིག་གཞུང་སྣ་མང་ལ་གུས་བརྩི་ཞུ་ཕྱོགས་སོགས་ཀྱི་ཐོག་བྱང་ཨར་ལན་ཌི་ནས་ཡིན་པའི་གདན་ཞུས་མཁས་དབང་གཉིས་ནས་གསུང་བཤད་དང་། དྲི་བ་དྲིས་ལན་སོགས་གནང་འདུག་པ་དང་། གཞན་ཡང་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་གྱིས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་རྩོད་རྙོག་སེལ་ཐབས་སྐོར་ལ་གསུངས་པ་དང་། བོད་མི་མང་སྤྱི་འཐུས་རྣམས་དང་ལྷན་དྲི་བ་དྲིས་ལན་གྱི་ཐོག་ནས་དགོངས་ཚུལ་བརྗེ་ལེན་ལྷུགས་པོ་གནང་ཡོད་འདུག མཐར་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ལྷན་འཛོམས་ཐོག་མཇུག་བསྡོམས་མཛད་སྒོ་ཞིག་ཚོགས་ཏེ་གྲོལ་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།