བོད་མིའི་རང་སྲེག་ནི་ཆབ་སྲིད་ཀྱི་ངོ་རྒོལ་ཞིག་རེད།
འོད་ཟེར་གྱིས་བརྩམས།
ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར།
ངེས་པར་དུ་གསལ་བཤད་དགོས་པ་ཞིག་ནི། རང་སྲེག་ཞེས་པའི་ཚིག་འདིའི་དོན་སྙིང་ངོ་མ་དེ་ཡིག་ཐོག་ཏུ་གཏན་ནས་མེད་ཅིང། གལ་སྲིད་ཡིག་ངོགས་གཅིག་པུའི་སྟེང་དུ་ལུས་པ་ཡིན་ན་གོ་ནོར་ཐེབས་སྲིད། མི་མང་པོ་ཞིག་གིས་རང་སྲེག་དེ་རང་སྲོག་གཅོད་པའི་ཁོངས་སུ་འཇོག་པ་དང་། ཕྱིའི་རྣམ་པའི་ཐོག་ནས་བལྟས་ན་རང་གིས་རང་ཉིད་ཀྱི་ལུས་ཕུང་མེར་སྲེག་བཏང་བའི་བྱ་སྤྱོད་ཅིག་ཡིན། འོན་ཀྱང་། གལ་སྲིད་མི་ཞིག་འཆི་འདོད་པ་ཡིན་ན་ཐབས་ལམ་ཧ་ཅང་མང། ཅིའི་ཕྱིར་ལུས་ཕུང་གི་ནང་ཚན་ཆ་ཚང་མེ་གཞོབ་གཏོང་དགོས་པ་རེད། རྩ་བའི་གནད་འགག་དེ་གང་ལ་ཐུག་ཡོད་ཅེ་ན། རང་སྲེག་མཁན་གྱིས་རྒྱུན་ལྡན་གྱི་མིའི་བཟོད་བསྲན་མི་ཐུབ་པའི་ན་ཟུག་དྲག་པོ་ལ་བརྟེན་ནས། ཆེས་ནུས་ཤུགས་ལྡན་པའི་ངོ་རྒོལ་གྱིས་རང་ཉིད་ཀྱི་ཆེ་མཐོང་རག་ཐབས་བྱེད་པ་རེད།
ཟས་བཅད་ངོ་རྒོལ་ནི་ངོ་རྒོལ་གྱི་རིགས་ཤིག་ལ་བརྩིས་ཏེ་མི་རྣམས་ཀྱིས་དང་ལེན་དང་བརྩི་བཀུར་བྱེད་ཀྱང་། རང་སྲེག་སྐོར་ལ་འཛེམས་ཟོན་བྱེད་མཁན་མང། རྒྱུ་མཚན་ནི་དེ་ལྟ་བའི་ན་ཟུག་དེ་མི་མང་ཤོས་ཀྱི་བློ་ཡུལ་དུའང་བཟོད་བསྲན་དཀའ་བའི་རྐྱེན་གྱིས་རེད། འོན་ཀྱང་། མི་རྣམས་ལ་རང་ལུས་མེར་སྲེག་གི་བློ་སྤོབས་དེ་མི་དགོས་པར། བློ་ཡུལ་དུ་རང་སྲེག་ལ་དྲང་བདེན་གྱིས་ལྟ་ཐུབ་པའི་བློ་སྤོབས་དེ་ཡོད་པ་ཡིན་ན། རང་སྲེག་མཁན་གྱིས་རང་ལུས་ཆུང་ངུ་ཞིག་ལ་བརྟེན་ནས། རྒྱ་ཆེ་བའི་དྲག་པོའི་སྲིད་གཞུང་གི་འཕྲུལ་འཁོར་དང་འཐབ་རྩོད་བྱེད་ཕོད་པའི་སྙིང་སྟོབས་དང་བློ་སྤོབས་མཐོང་ཐུབ། དེར་བརྟེན། བོད་མིའི་རང་སྲེག་ལ་བསྐྱར་དུ་མིང་ཚིག་གསར་པ་ཞིག་གི་ལམ་ནས་འགྲེལ་བཤད་དགོས་ངེས་མེད། དེ་མིན་རང་ལུས་མེར་སྲེག་གཏོང་མཁན་དེ་ལྟར་མང་པོ་ཞིག་གི་བྱ་སྤྱོད་དང་མི་མཚུངས། རང་དབང་གི་སྨྲ་བརྗོད་ལ་ཚད་བཀག་ཡོད་པའི་རྒྱ་ནག་གི་དྲ་ཐོག་ལ། གཞོན་སྐྱེས་བོད་མི་ཚོས་མཆོད་འབུལ་ཞེས་པའི་ཚིག་འདི་བེད་སྤྱད་དེ་རང་ལུས་མཆོད་མེར་ཕུལ་བའི་སྤུན་ཟླའི་ཚབ་བྱེད་ཀྱི་ཡོད་ལ། ད་དུང་མཆོད་མེ་ཡི་ལམ་ནས་མི་མངོན་པའི་ཚུལ་གྱིས་བསྐྱར་དུ་རང་སྲེག་བྱུང་བ་མཚོན་པར་བྱས་ཏེ། བོད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་ལ་མྱ་ངན་དང་རྗེས་དྲན་བྱེད་བཞིན་ཡོད།
དཔེར་ན་༡༩༦༣ ལོའི་ཉིན་གཅིག་ལ། ཝན་ཐི་ནཱམ་གྱི་དགུང་ལོ་༦༧ ལ་ཕེབས་པའི་རབ་བྱུང་བ་ཧྲི་ཀའ་ཏི་(Thich Quang Duc) ཡིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ཁོང་གི་ཞལ་ཆེམས་ནང་“ངས་མིག་བཙུམས་ཏེ་སངས་རྒྱས་མ་མཇལ་བའི་སྔོན་དུ་སྲིད་འཛིན་ལ་རེ་འདུན་ཞུ་རྒྱུ། བྱམས་སེམས་ཀྱིས་མི་མང་ལ་ལྟ་སྐྱོང་དགོས་པ་མ་ཟད། ཆོས་ལུགས་འདྲ་མཉམ་གྱི་ཁས་ལེན་ལག་བསྟར་བྱེད་དགོས། ངས་ཆོས་ལུགས་ཁག་གི་མི་སྣ་དང་རྒྱ་ཆེའི་ནང་པའི་གྲྭ་བཙུན་རྣམས་ལ་རེ་བསྐུལ་བྱས་ཟིན། ནང་བསྟན་སྲུང་སྐྱོབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་ནི་དགོས་ངེས་ཤིག་ཡིན་”ཞེས་བྲིས་ཡོད། དེའི་རྗེས་ཀྱི་ཟླ་ཤས་ནང་གྲྭ་བཙུན་དྲུག་གིས་བསྐྱར་དུ་ཝན་ཐི་ནཱམ་གྱི་ཁྲོམ་གཞུང་དུ་རང་སྲེག་བྱས།
ཝན་ཐི་ནཱམ་གྱིས་གྲྭ་བཙུན་ཞིག་གི་རྩོམ་ཡིག་ནང་“བརྒྱུད་ལམ་ཁག་ཏུ་རང་སྲེག་ནི་རང་སྲོག་གཅོད་པའི་ཁོངས་སུ་འབོད། ཡིན་ནའང་རྩ་བའི་ཆ་ནས་དེ་ནི་རང་སྲོག་གཅོད་པ་མིན་པ་མ་ཟད། གྲྭ་བཙུན་དེ་དག་གིས་རང་སྲེག་མ་བྱས་པའི་སྔོན་དུ་བཞག་པའི་ཁ་ཆེམས་ནང་ཁོ་ཚོའི་དམིགས་ཡུལ་ནི་དྲག་གནོན་པ་སེམས་འགུལ་ཐེབས་པ་དང། འཛམ་གླིང་གི་མི་ཡོངས་ཀྱིས་གནོད་འཚེ་ཕོག་པའི་ཝི་ཐི་ནཱམ་མི་མང་ལ་དོ་སྣང་སླེེབས་པའི་ཆེད། རང་སྲེག་གི་ལམ་ནས་རང་ཉིད་ཀྱི་རེ་འདུན་མཚོན་པར་བྱས་པ་དང་། མི་མང་བདེ་སྡུག་གི་དོན་དུ་རང་སྲོག་བློས་གཏོང་བྱས་ཏེ་རང་ཉིད་ཀྱི་ཚེ་སྲོག་མཇུག་བསྡུས་པ་ཞིག་རེད་”ཅེས་དཔྱད་བརྗོད་སྤེལ་མྱོང།
ངས་བལྟས་ཡོང་ན། བོད་མིའི་རང་སྲེག་ནི་རང་སྲོག་གཅོད་པ་ཞིག་མ་ཡིན་པར། ༢༠༠༨ ལོའི་ཕྱི་ཟླ་༣ པའི་ནང་བོད་ས་ཡོངས་སུ་ཁྱབ་པའི་མང་ཚོགས་ཀྱི་ངོ་རྒོལ་རྒྱུན་མཐུད་པ་ཞིག་རེད། ༢༠༠༨ ལོའི་ངོ་རྒོལ་ནི་༡༩༥༩ ལོའི་ཕྱི་ཟླ་༣ པའི་ནང་༧གོང་ས་༧ ཏཱ་ལའི་བླ་མ་བཙན་བྱོལ་དུ་ཕེབས་པའི་རྗེས། བོད་ཁམས་ཡོངས་སུ་ཆེས་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་ངོ་རྒོལ་དེ་བྱུང་ཡོད། རྒྱ་ནག་སྲིད་གཞུང་གིས་འདས་པའི་དུས་རབས་ཕྱེད་ཀའི་རིང་བོད་མི་མང་གི་སེམས་པ་ད་དུང་འགུག་མ་ཐུབ་པར། བོད་མིས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་བཞིན་ཡོད། ཡིན་ནའང་རྒྱ་གཞུང་གིས་སྔར་བཞིན་དྲག་པོའི་ལམ་ནས་བཙན་གནོན་བྱས་པ་མ་ཟད། དྲིལ་བསྒྲགས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་བོད་མི་ནི་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ་ཡིན་པར་བརྗོད་ཡོད་ལ། བོད་མིའི་ངོ་རྒོལ་ནི་པེ་ཅིང་ཨོ་རྩལ་འགྲན་ཚོགས་གཏོར་བཤིག་གཏོང་འདོད་ཡིན་སྐོར་སོགས་འགྲེལ་བརྗོད་ལོག་པ་བརྒྱབ་སྟེ། རྒྱ་རིགས་མང་ཚོགས་ཀྱི་ནང་དུ་མི་རིགས་ཁ་གཏད་ཀྱི་འཁོན་འཛིན་བཟོས་ཡོད། །