བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་གསུམ་བཅུའི་དུས་དྲན་ཐེངས་༦༥ པ་སྲུང་བརྩི་ཞུས།
དེ་རིང་ནི་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་ནི་ཆོས་གསུམ་བོད་མི་རྣམས་ཀྱིས་མ་བསྐུལ་དང་བླངས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་གདུག་རྩུབ་ཆེ་ཞིང་གཡོ་བྱུས་ངན་པའི་རྒྱ་དམག་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བའི་ཉིན་མོ་དེ་ཡིན་ལ། ལོ་འདིའི་གསུམ་བཅུའི་དུས་དྲན་ཉིན་མོར་ཞི་རྒོལ་དེ་སྤེལ་ནས་མི་ལོ་ཧྲིལ་པོ་༦༥ ཏག་ཏག་འཁོར་གྱི་ཡོད། དེར་བརྟེན་འཛམ་གླིང་ས་ཕྱོགས་གང་སར་དུ་བཞུགས་པའི་བོད་མི་ཚང་མས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བཞིན་པ་ལྟར། དེ་རིང་སྟེ་ཕྱི་ལོ་༢༠༢༤ ཕྱི་ཟླ་༣ པའི་ཚེས་༡༠ ཉིན་བཞུགས་སྒར་རྡ་རམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་དུ་གསུམ་བཅུའི་དུས་དྲན་ཐེངས་༦༥ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། ཐེངས་འདིའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་པའི་སྒྲིག་འཛུགས་ཁག་གི་ལས་བྱེད་རྣམས་དང་། གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་འགོ་ལས་གཙོས་པའི་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་མི་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་དང་། ལྷག་ཏུ་ཐེངས་འདིའི་སྐུ་མགྲོན་གཙོ་བོ་ཨོ་སི་ཁྲོ་ལི་ཡ་དང་འཇར་མན། དེ་བཞིན་ཐའེ་ཝན་དང་ཐེ་ལན་བཅས་ནས་གྲོས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཁབ་ཁག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་ཁག་ཅིག་ཕེབས་འདུག

སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་རྗེས་གཙོ་སྐྱོང་པས་སྐུ་མགྲོན་རྣམས་ངོ་སྤྲོད་དང་འབྲེལ་དེ་རིང་གི་མཛད་རིམ་སྒྲོག་སྦྱང་བྱས། དེ་མཚམས་ཚང་མ་སྐུ་བཞེངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུའི་རོལ་དབྱངས་ཀྱི་ཁྲོད་ནས་བོད་ཀྱི་གངས་སེང་རྒྱལ་དར་སྒྲེང་འཛུགས་གནང་རྗེས་བཀའ་ཤག་གི་གསུང་བཤད་གནང་སོང་།
གསུང་བཤད་ཀྱི་ནང་དུ། དེ་རིང་ནི་ཕྱི་ལོ་༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་ཚོས་རྒྱ་དམག་གི་གདུག་རྩུབ་ལ་ཞི་རྒོལ་གྱི་ལས་འགུལ་རྒྱ་ཆེན་ཞིག་སྤེལ་ཏེ་ལོ་༦༥ འཁོར་བ་དང་། ༡༩༨༧ ནས་ལོ་གསུམ་བསྟུད་མར་ལྷ་སར་ཞི་རྒོལ་བྱུང་སྟེ་༡༩༨༩ ཟླ་༣ ཚེས་༥ ཉིན་རྒྱ་གཞུང་གིས་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་ལོ་༣༥ འཁོར་བ། ༢༠༠༨ ལོར་བོད་ས་ཡོངས་ནས་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྟེ་ལོ་༡༦ འཁོར་བ་བཅས་ཀྱི་ཉིན་མོ་ཡིན་པ་དང་། ཕྱི་ལོ་༢༠༠༩ ནས་ད་བར་བོད་རང་དབང་ཆེད་དུ་སྐུ་ལུས་མེར་སྲེག་གཏོང་མཁན་༡༥༧ བྱུང་ཡོད་པས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམས་རྗེས་སུ་དྲན་པའི་སྒོ་ནས་བསྔོ་སྨོན་གསོལ་འདེབས་དང་། ད་ལྟར་རྒྱ་གཞུང་གི་བཙན་དབང་འོག་མནར་གཅོད་མྱོང་བཞིན་པའི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་པའི་སྐོར་སོགས་གསུངས་སོང་། དེ་བཞིན་ད་ལྟའི་རྒྱལ་སྤྱིའི་དམག་འཁྲུག་གི་གནས་སྟངས་དང་སྟོབས་ཆེན་རྒྱལ་ཁབ་ཚོའི་དབར་ཚོང་དང་ཆབ་སྲིད་དང་འབྲེལ་དྲག་ཤུགས་ཤོག་སྒྲིལ། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་བོད་མིའི་རང་དབང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས། བོད་ནང་བོད་མི་རིགས་ཡུན་གནས་ཐུབ་མིན་ཐད་ལོ་རྒྱུས་སུ་བྱུང་མ་མྱོང་བའི་དཀའ་ཉེན་འཕྲད་བཞིན་ཡོད་སྐོར་སོགས་དང་། གཞན་ཡང་རྒྱ་གུང་ཁྲན་བོད་དུ་བཙན་འཛུལ་བྱས་པའི་མི་ལོ་བདུན་ཅུ་ལྷག་གི་རིང་བོད་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་ཇུས་མུ་མཐུད་སྤེལ་བཞིན་པ་སྟེ། བོད་ཀྱི་སྐད་ཡིག་ཉམས་དམས་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ལ་གཏོར་རྒོལ། སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་བྱེད་བཞིན་པ་དང་འབྲེལ། དེ་དག་ལ་སྔར་གྱི་ལོ་རྒྱུས་དང་སྦྲགས་ཏེ་བཀའ་ཤག་གིས་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་དང་། བོད་རིགས་ས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཚོར་གཞེན་སྐུལ་ཞིག་ཞུས་འདུག་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་པ་དང་། དེའི་འཇུག་ངོགས་ནས་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་བའི་ཆོད་སེམས་བརྟན་པོ་ཡོད་ན། རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་མཚམས་འཇོག་དང་ཡོ་སྲང་གི་ཡོང་ཐབས་ཀྱི་དུས་ལ་བབས་ཡོད་པ་དང། ཐལ་ཆེ་བ་དང་གདུག་རྩུབ་ཀྱི་སྲིད་ཇུས་དེས་བོད་རྒྱའི་མི་རིགས་བར་གསོ་ཐབས་མེད་པའི་འགལ་ཟླའི་རྨ་ཁ་བཟོ་ཉེན་གྱི་མཇུག་འབྲས་ལ་ཚོད་དཔག་མ་ནོར་བ་དགོས་གལ་ནན་ཏན་ཞུ་བཞིན་ཡོད་སྐོར་སོགས་དང་། དེ་བཞིན་ཨ་རི་གཙོས་པའི་བོད་དོན་རྒྱབ་སྐྱོར་བྱེད་མཁན་འབྲེལ་ཡོད་ཚོར་དྲང་བདེན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ནས་དབུ་ལས་ཚང་མར་འཚམས་འདྲི་གནང་བ་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཆོལ་གསུམ་རྒྱ་ཆེའི་མང་ཚོགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༦༥ འཁོར་བའི་གངས་ཅན་བོད་མི་རྣམས་ཀྱིས་མི་ཐོག་ནས་མི་ཐོག་བརྗེད་དཀའ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཚིགས་གལ་གནད་ཅན་གཅིག་དང་། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ཉིན་མོ་ཞིག་ཀྱང་ཆགས་ཡོད་པས། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རྒྱ་གཞུང་གི་བཙན་དབང་དང་། གཉའ་གནོན་སྡུག་སྦྱོང་འོག་དུས་མིན་རྐྱེན་འདས་སུ་སོང་བ་རྣམས་དང་། ད་ལྟའང་མནར་གཅོད་མྱངས་དང་མྱོང་བཞིན་པའི་རང་རིགས་སྤུན་ཟླ་རྣམས་ཀྱི་ལྷག་བསམ་དང་། སྙིང་སྟོབས། བློས་གཏོང་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡི་རངས་བསྔགས་བརྗོད་དང་། ཁོང་རྣམ་པའི་མཛད་རྗེས་ཡིད་ལ་དྲན་པའི་ཐོག་ནས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ད་བར་མི་ལོ་བདུན་ཅུ་ལྷག་གི་རིང་རྒྱ་ནག་གཞུང་གིས་བོད་མི་ས་ཡ་བརྒལ་བ་དུས་མིན་རྐྱེན་འདས་སུ་བཏང་བ་དང་། དགོན་པ་སྟོང་ཕྲག་མང་པོ་རྩ་གཏོར། བོད་ཀྱི་སྣོད་བཅུད་རྣམས་གཏོར་བཅོམ་བྱེད་བཞིན་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་ངན་བྱུས་རྒྱུན་ཆད་མེད་པར་བཤམས་ཏེ། བོད་མིའི་རང་དབང་འཕྲོག་པ་སོགས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟར་གྱི་སྦྱོར་བ་བརྩམས་ཡོད་པ་ནི། ༢༠༠༨ ལོའི་བོད་མི་ཚོས་ས་བྱི་ཞི་རྒོལ་ཆེན་མོ་དང་། ད་བར་བོད་མི་༡༥༧ གྱིས་རང་སྲོག་བློས་བཏང་གནང་བ་སོགས་ཀྱིས་བདེན་དཔང་བྱས་ཡོད་པའི་སྐོར་དང་། ཁོར་ཡུག་དང་བོད་མིའི་རང་དབང་བཅས་རྩ་མེད་དང་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་རུང་། ད་དུང་རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཡར་རྒྱས་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་ཚུལ་གྱིས་བོད་ནང་ཡར་རྒྱས་དང་བདེ་སྐྱིད་ཡོད་ལུགས་རྫུན་གཏམ་ཁོ་ན་ཁྱབ་སྤེལ་བྱས་ཏེ་རྒྱལ་སྤྱིའི་གཞུང་དང་མི་མང་རྣམས་མགོ་སྐོར་བསླུ་བྲིད་ཀྱིས་དངོས་ཡོད་ཛ་དྲག་གནས་སྟངས་སྦས་འགེབས་བྱེད་བཞིན་ཡོད་པ།

བདེ་འཇགས་བརྟན་བརླིང་གི་འབོད་སྒྲའི་འོག་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་། སྒྱུ་རྩལ་བ། རྩོམ་པ་པོ། དགེ་རྒན་སོགས་སེར་སྐྱ་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་དང་གར་སོང་ཆ་མེད་ཐོག་སྡུག་སྦྱོང་མནར་སྦྱོང་གཏོང་བཞིན་ཡོད་སྐོར། གཏན་འཇགས་སློབ་གྲྭ་དང་ཉེ་ཆར་བྱུང་བའི་ཁམས་སྡེ་དགེའི་ཕྱོགས་ཀྱི་ཡུལ་མི་གནས་སྤོ་དང་དགོན་སྡེ་གཏོར་བཤིག་གི་ལས་གཞི་དང་འབྲེལ་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་ཕྱི་སྣོད་ཁོར་ཡུག་ལ་གཏོར་སྐྱོན་དང་། བོད་མི་རིགས་ལ་མནར་གཅོད་གཏོང་མཚམས་རྒྱུན་ཆད་མེད་པའི་དངོས་ར་གསལ་པོ་འཕྲོད་ཡོད། སྡེ་དགེའི་ཞི་བའི་མི་མང་ཉེས་མེད་འཛིན་བཟུང་བྱས་པ་ཡོངས་རྫོགས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པ་དང་། མི་མང་གི་རེ་འདུན་དང་མངོན་འདོད་ལ་གུས་བརྩི་བྱ་དགོས་པའི་རྒྱ་གཞུང་ལ་བརྡ་ལན་སྤྲོད་རྒྱུ་ཡིན་སོགས་གསུངས་འདུག གཞན་ཡང་རྒྱ་གཞུང་གིས་བོད་ཕྱི་ནང་གཉིས་སུ་འབྲེལ་ལམ་དཀའ་རུ་བཏང་སྟེ་བཙན་བྱོལ་ནང་དུ་སིམ་འཛུལ་གྱིས་གནས་ལུགས་འཁྱོག་བཤད་ཁྱབ་སྤེལ་བྱ་ཐབས་སོགས་དང་། རྒྱ་གཞུང་གིས་མཉེན་ཆས་འདྲ་མིན་སོགས་ཀྱིས་མཚོན་བོད་ཀྱི་ཕྱི་ལོགས་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོའི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་མ་ཟད། སྡིགས་ར་དང་བསུན་གཙེར་བཟོ་བཞིན་ཡོད་པ་དངོས་ར་འཕྲོད་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཤེས་རྟོགས་ཡོད་ངེས་ལྟར་དེ་དག་འགོག་ཐབས་དགོས་པའི་སྐུལ་འདེབས་ཞུ་རྒྱུ་ཡིན་སོགས་གསུངས་པ་དང་། ད་བར་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུས་གནང་སོང་།
དེ་མིན་སྐུ་མགྲོན་རྣམས་ནས་ཨོ་སི་ཁྲོ་ལི་ཡ་དང་འཇར་མན་གྱི་དམིགས་བསལ་སྐུ་མགྲོན་ཁག་ཅིག་གིས་བོད་དོན་རྒྱབ་སྐྱོར་གྱི་སྐོར་དང་། རྒྱ་ནག་དམར་ཤོག་དེ་དུས་ཡུན་ལོ་བརྒྱ་ལས་གནས་མི་ཐུབ་པའི་སྐོར་སོགས་འཇར་མན་གྱི་དམར་ཤོག་དང་དཔེ་སྦྱར་ཏེ་གསུངས་སོང་། དེ་རྗེས་གཞུང་འབྲེལ་གྱི་མཛད་སྒོ་གྲོལ་ཏེ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིའི་གོ་སྒྲིག་གཙུག་ལག་ཁང་གི་མདུན་ཐང་ནས་འགོ་ལས་སེར་སྐྱ་མི་མང་དང་། སློབ་ཕྲུག་སོགས་བང་བསྒྲིགས་ཏེ་ཀ་ཅ་རིའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་ས་བར་དུ་ཞི་རྒོལ་སྐད་འབོད་རྒྱག་བཞིན་ཕྱིན་ཞིང་། དེར་འབྱོར་རྗེས་གནད་ཡོད་མི་སྣ་ཚོས་གསུང་བཤད་དང་ཚོགས་པ་བཞི་མཉམ་འབྲེལ་གྱིས་བསྒྲགས་གཏམ་སྤེལ་རྗེས་གྲོལ་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།
