བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི་ཞུས་སོང་།

ཟླ་༨ པའི་ཚེས་༡༥ ཉིན་ནི་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་༧༥ འཁོར་གྱི་ཡོད་པའི་ཉིན་མོ་ཡིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་མདུན་ཐང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་དབུས་པའི་ལས་ཁུངས་ཁག་གི་དྲུང་ཆེ་དང་དྲུང་འཕར་བཅས་ཚང་འཛོམས་ཐོག་ཉིན་མོ་སྲུང་བརྩི་ཞུས་སོང་།

སྲིད་སྐྱོང་གིས་རྒྱ་གར་རྒྱལ་དར་བསྒྲེངས་རྗེས་གསུང་དོན་ལ། དེ་རིང་ནི་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ཀྱི་དབང་སྒྱུར་འོག་ནས་རྒྱ་གར་རང་བཙན་ཐོབ་སྟེ་ད་བར་མི་ལོ་༧༥ འཁོར་གྱི་ཡོད་པར་བརྟེན་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དབྱིན་ཇིའི་བཙན་རྒྱལ་རིང་ལུགས་འོག་ལོ་ངོ་ ༢༠༠ ལྷག་གནས་པའི་ལོ་རྒྱུས་རེད། བོད་པའི་གནད་དོན་དེ་ལོ་ངོ་བདུན་ཅུ་འགྲོ་གི་ཡོད། རྒྱ་གར་དང་བསྡུར་བ་ཡིན་ན་དུས་ཡུན་ཐུང་ཐུང་རེད། འོན་ཀྱང་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཐབ་རྩོད་ཞེས་པ་འདི་ལོ་བརྒྱ་ཕྲག་འགྲོ་དགོས་བྱུང་ནའང་ཚང་མས་འབད་བརྩོན་བྱེད་དགོས། རྒྱ་གར་ནང་འཚེ་བ་ཐོག་ནས་ཀྱང་ལས་ཀ་བྱེད་མཁན་བྱུང་ཡོད། ཞི་བའི་ཐོག་ནས་ལས་ཀ་བྱེད་མཁན་བྱུང་ཡོད། ལྷག་པར་མེས་པོ་དམ་པ་གྷན་དི་མཆོག་གི་དབུ་ཁྲིད་པའི་ཐོག་ནས་རྒྱ་གར་འཐབ་རྩོད་འདི་བཞིན་འཚེ་བ་མེད་པའི་ལམ་ལ་བསྐྱོད་ནས་རྒྱལ་སྤྱིའི་ཁྲོད་གཟེངས་སུ་ཐོན་པ་ཆགས་ཀྱི་ཡོད་པ་རེད།

ད་ལྟ་ང་ཚོ་བོད་པའི་འཐབ་བརྩོད་དེ་ཡང་མེས་པོ་དམ་པ་གྷན་དི་མཆོག་གི་ལམ་ལ་རྗེས་སུ་འཇུག་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་དང་བོད་ནང་གི་བོད་མི་རྣམས་ནས་གཞན་ལ་འཚེ་བ་མི་བྱེད་པར་གལ་སྲིད་འུ་ཐུག་པོ་བྱུང་བ་ཡིན་ན་སོ་སོའི་སྲོག་ཡང་བློས་བཏང་སྟེ་འཐབ་རྩོད་ནང་ཞུགས་ཀྱི་ཡོད། རྒྱ་གར་ལ་རང་བཙན་ཐོབ་སྟེ་རྒྱ་གར་མང་ཚོགས་ཡོངས་ལ་རང་དབང་གི་ཉི་མ་ཤར་བའི་གོ་སྐབས་བྱུང་བ་ནང་བཞིན་རྒྱལ་ཁབ་མང་པོ་ཞིག་ལ་དམག་ཆེན་གཉིས་པའི་རྗེས་རང་བཙན་ཐོབ་ཡོད། སྟབས་མ་ལེགས་པ་ཞིག་ལ་འཛམ་གླིང་གི་རྒྱལ་ཁབ་གཞན་རང་བཙན་ཐོབ་པའི་སྐབས་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་བཙན་འཛུལ་གྱི་གནས་བབ་དེ་འདྲ་བྱུང་བ་རེད། མ་འོངས་པར་བོད་ནང་རང་དབང་སླར་གསོ་ཡོང་རྒྱུའི་ཆེད་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་འབད་སྤུངས་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་གནང་རོགས་ཞེས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།