མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་ལས་རོགས་དགེ་རྒན་ཡེ་ཤེས་རྡོ་རྗེ་ཡང་ཉིན་དེ་རང་ལ་སྐུ་གྲོངས་ཡོད་འདུག

ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཟུར་པ། དེང་རབས་བོད་སྐད་མིང་མཛོད་ཀྱི་རྩོམ་སྒྲིག་ཁོངས་མི། དགེ་རྒན་ཡེ་ཤེས་རྡོ་རྗེ་དགུང་ལོ་༦༠ ཐོག་སྐུ་གྲོངས་འདུག

པར། གངས་ལྗོངས་ཉི་གཞོན།

ཟླ་འདིའི་ཚེས་ཚེས་༡༦ དགོང་མོར་ཆུ་ཚོད་བརྒྱད་པའི་ཐོག་ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཟུར་པ་དང་། དེང་རབས་བོད་སྐད་མིང་མཛོད་ཀྱི་རྩོམ་སྒྲིག་ཁོངས་མི་དགེ་རྒན་ཡེ་ཤེས་རྡོ་རྗེ་དགུང་ལོ་༦༠ ཐོག་མཆིན་པའི་ནད་གཞི་འཕར་རྐྱེན་བྱུང་ནས་སྨན་ཁང་དུ་སྐུ་གཤེགས་འདུག

ཡེ་ཤེས་རྡོ་རྗེ་ནི་ཕྱི་ལོ་༡༩༦༤ ལོར་ཁམས་འབའ་ཐང་རྫོང་དུ་འཁྲུངས་ཤིང་། ཁོང་གིས་༡༩༨༣ལོ་ནས་སྔ་རྗེས་སུ་དཀར་མཛེས་ཁུལ་ལི་ཐང་རྫོང་དང་འབའ་རྫོང་གི་དེ་སྔའི་དགེ་འོས་སློབ་གྲྭ། དར་མདོ་མི་རིགས་དགེ་འོས་སློབ་གྲྭ་སོགས་སུ་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། ཕྱི་ལོ་༢༠༠༡ ལོར་དེ་སྔའི་སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ལས་གནས་སྤོས་ནས་བོད་ཡིག་རྩོམ་སྒྲིག་གི་ཕྱག་ལས་གཉེར། ཕྱི་ལོ་༢༠༠༥ ལོར་སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྡེ་ཁག་གི་འགོ་འཛིན་གྱི་འགན་བཞེས།

ཁོང་གིས་སྔ་རྗེས་སུ་ཚོད་ལྟའི་ཚུལ་དུ་《བོད་ཀྱི་སྐད་ཡིག་རིག་གནས།》དང་། 《མཚན་ཉིད་རིག་པའི་རྒྱུན་ཤེས།》 《བོད་ཡིག་རྩོམ་འབྲིའི་མཛུབ་སྟོན།》ཞེས་པ་སོགས་ཀྱི་སློབ་དེབ་རྩོམ་སྒྲིག་མཛད་ཡོད་པ་མ་ཟད། ལོ་རབས་དགུ་པའི་དུས་མགོ་ནས་བཟུང་དར་མདོ་དགེ་འོས་སློབ་གྲྭའི་ནང་ནས་《བུང་བའི་རང་སྒྲ།》ཞེས་པའི་རྒྱང་བསྒྲགས་ཁང་ཆུང་ཆུང་ཞིག་གསར་དུ་བཙུགས་ཤིང་། མདོ་འཛིན་དང་རྒྱང་བསྒྲགས་ཀྱི་ལས་རིགས་ལ་དགའ་ཞེན་ཆེ་བ་དང་འཇོན་ཐང་ལྡན་པའི་སློབ་མ་བདམས་ནས་རྒྱང་བསྒྲགས་བྱེད་དུ་བཅུག་པས། སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། དཔེར་ན་ད་ལྟའི་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཅན་འཆི་མེད་དབང་མོ་དང་བྱམས་པ་རྡོ་རྗེ། ཡོན་ཏན། སྐལ་བཟང་དབང་མོ་སོགས་ཀྱང་ཆུང་དུས་སུ་རྒྱང་བསྒྲགས་ཀྱི་སྟེགས་བུའི་འདི་ཡི་སྟེང་ལ་བུད་ནས་སྦྱོང་བརྡར་བྱེད་པའི་གོ་སྐབས་ཐོབ་ཡོད་འདུག

ཁོང་གིས་ཐད་ཀར་དུ་མཛུབ་སྟོན་གནང་བའི་འོག་ནས་《བྱམས་པའི་ཁ་བརྡ།》དང་《འཆད་ཁྲིད་སྒྲོན་མེ།》ལྟ་བུའི་རིག་གནས་ལེ་ཚན་སྒྲིག་བཟོ་བྱས་པ་མ་ཟད། ཁོང་གིས་མཛུབ་སྟོན་གནང་བའི་འོག་ནས་《ཁམས་པའི་དགའ་ཚལ།》ལྟ་བུའི་བོད་ཀྱི་གླུ་གཞས་སྒྱུ་རྩལ་འགྲེམས་སྟོན་བྱེད་པའི་གར་སྟེགས་ཤིག་བསྐྲུན་པ་དང་། ཁྱད་པར་དུ་རྒན་ཡེ་ཤེས་རྡོ་རྗེ་ཡིས་ཐད་ཀར་དུ་ཇུས་འགོད་དང་མཛུབ་སྟོན་གནང་བར་བརྟེན་ནས་《བཀྲ་ཤིས་ལོ་སར།》དང་།《དགའ་སྐྱིད་ཤམ་བྷ་ལ།》 《འབའ་བའི་རང་སྒྲ།》སོགས་ལོ་སར་དགོང་ཚོགས་དང་ཆེད་སྒྲིག་དགོང་ཚོགས་སྤེལ། ད་དུང་རང་ཉིད་དགའ་ཞེན་ཆེ་བའི་གླུ་གཞས་སྒྱུ་རྩལ་གྱི་འཇོན་ནུས་རྩལ་དུ་སྤྲུགས་ནས། དཔེར་ན་《ལྷོ་འཛམ་བུ་གླིང་གི་རྒྱན་ཆ།》དང་།《དཀར་གསལ་ཟླ་འོད།》 《འཛམ་གླིང་ཡང་རྩེ།》 《ཀ་ཁའི་གླུ།》《ཉི་མ་ལྷ་ས།》ཞེས་པ་སོགས་གོ་བདེ་ཞིང་ཉན་སྤྲོ་བའི་གླུ་ཚིག་གང་མང་ཞིག་གསར་རྩོམ་གནང་ཡོད་འདུག

ཁོང་གིས་སྔ་རྗེས་སུ་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་དང་སི་ཁྲོན་མི་རིགས་རླུང་འཕྲིན་ལས་ཁུངས། ཁམས་པའི་བརྙན་འཕྲིན་ཁང་སོགས་ནས་ཕྱག་ལས་གནང་བའི་གོ་རིམ་ཁྲོད་དུ། བོད་ཀྱི་སྐད་དང་རིག་གནས་གོང་དུ་སྤེལ་ཞིང་། གསར་འགྱུར་ལོ་ཙཱ་དང་བརྡ་ཆད་གསར་པ་རྩོམ་སྒྲིག་གནང་བ། བོད་པའི་སྲོལ་རྒྱུན་རིག་གནས་སྤྱི་དང་སྒོས་སུ་སྒྱུ་རྩལ་རིག་གནས་རྒྱུན་འཛིན་དང་ཁྱབ་སྤེལ་སོགས་ཀྱི་བྱ་གཞག་གང་མང་ལ་འབད་བརྩོན་བྱས་ཡོད་པ་གངས་ལྗོངས་ཉི་གཞོན་ཞེས་པའི་དྲྭ་ཚིགས་སུ་སྤེལ་འདུག

ཁོང་དང་དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་གཉིས་དུས་གཅིག་ལ་སྐུ་གཤེགས་འདུག་པས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཀྱང་ལོ་ངོ་ཉི་ཤུའི་རིང་གི་ལས་གྲོགས་གཉིས་ཁ་རྩང་ཉི་མ་གཅིག་ལ་སྐུ་གཤེགས་སོང་། ལོ་འདི་དག་གི་ནང་ཕུལ་དུ་ཕྱུང་བའི་ལས་གྲོགས་མང་པོ་མེད་པར་གྱུར། མི་ཚེའི་རང་བཞིན་བསམས་ན་ཆོས་ཉིད་དེ། ། བྱ་བའི་ལས་དབང་བསམས་ན་གྱོང་ཆེན་ཉིད། ། གཡུལ་ཆེན་འཇིགས་པའི་ཐང་ན་གྲོགས་མེད་པ། ། རེ་བའི་དར་ཆེན་བསྒྲེངས་ཀྱང་ཕན་པ་ཆུང་། ། ཅེས། ཁོང་གི་བོད་ཡིག་པོད་ཕྲན་ཐོག་སྤེལ་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།