མཁྲིས་ནད་ཅན་གྱི་མདུན་ན་བཙོ་ཟན་ཚ་བོ་ཞིག

ས་མཐའི་གཡུ་རལ།
༄། །དེ་རིང་༢༠༡༦་༣་༢ ཉིན་ལས་རོགས་ཚོ་དང་ལྷན་དུ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་རིང་ལགས་ལ་མྱུར་སྐྱོབ་སྨན་བཅོས་བྱེད་སར་ཆེད་བཅར་ཞུས་པ་ཡིན། ཁོང་གི་ཕ་མ་གཉིས་དང་། སྲིང་མོ། འབྲེལ་ཡོད་ཁག་ཅིག་བཅས་མཇལ་འཕྲད་བྱུང་ལ། ཁོང་རྣམ་པར་བརྒྱུད་དཔའ་རྒོད་ཁོང་གི་སྙིང་སྟོབས་ནི་ཇེ་གསལ་ནས་ཇེ་ཆེ་རུ་ཕྱིན་སོང་། ཁོང་ནི་བཙན་བྱོལ་དུ་སྐྱེས་པའི་ལོ་ན་༡༦ ཅན་གྱི་ལོ་ཆུང་བྱིས་པ་ཞིག་ཡིན་ལ། འཛིན་རིམ་བཅུ་པ་ལས་མ་སོན་པའི་སློབ་ཕྲུག་ཆུང་ཆུང་ཞིག་ཀྱང་ཡིན། འོན་ཀྱང་ཁོང་གི་རྒྱལ་གཅེས་ཀྱི་སྙིང་སྟོབས་ནི་བསམ་ཚོད་ལས་བརྒལ་བའི་རླབས་ཆེན་སྐྱེས་བུ་ཞིག་གི་རྣམ་ཐར་གྱུར་འདུག
དེའང་ཁོང་གིས་ཁ་སང་༢༠༡༦་༣་༢ ཉིན་སྨན་ཁང་ནས་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་པའི་སྐབས་སུ། “ངའི་མིང་ལ་རྡོ་རྗེ་ཚེ་རིང་ཟེར། ལོ་༡༦ ཡིན། བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་བའི་སློབ་མ་ཞིག་ཡིན། ༡༩༥༩ ལོར་བོད་དེ་རྒྱ་མིའི་མངའ་འོག་ལ་བསྒྱུར་རེད། བོད་པ་ཁ་ཤས་བོད་ལ་རང་འཇག་བསྡད། ཁ་ཤས་རྒྱ་གར་དང་ཕྱི་རྒྱལ་ཁག་མང་པོ་ལ་འགྲོ་དགོས་བྱུང་རེད། ང་རང་ཆུང་དུས་ནས་བོད་ཀྱི་ཆེད་དུ་གཅིག་བྱེད་རྒྱུའི་སེམས་ཤུགས་ཆེན་པོ་ཡོད། བོད་སྤྱིའི་ཆེད་དུ་ཅིག་བྱེད་ཡ་ལ་མཐའ་མ་དེར་སོ་སོའི་གཟུགས་པོ་མེར་སྲེག་གཏང་རྒྱུ་རེད་འདུག་བསམ་སོང། ང་རང་སྣུམ་དང་ཙག་སྒྲ་ཉོས་ནས་གཟུགས་པོ་མེར་སྲེག་བཏང་ཡིན། ཕལ་ཆེར་སྣུམ་ཏོག་ཙམ་ཉུང་དྲགས་ཡིན་ས་རེད་ནང་ལོག་ལ་སྐྱོན་མི་འདུག ངས་སྔོན་མ་ནས་བསམ་བློ་བཏང་སྟེ་ཕ་མ་གཉིས་ལ་སྐད་ཆ་དྲིས་དུས་ཕ་མ་གཉིས་ཀྱིས་ཁྱོད་མེར་སྲེག་བཏང་བ་ཡིན་ན་ང་གཉིས་སེམས་སྐྱོ་ནས་ཤི་རྒྱུ་ཡིན་ཟེར། ཡིན་ཡང་ངས་ཕ་མ་གཉིས་བློས་གཏང་ནས། བོད་སྤྱིའི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡིན། མཐའ་མ་༼དབུགས་རིང་ཞིག་དང་བཅས༽༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་དང་བོད་རང་བཙན་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད། བོད་རྒྱལ་ལོ།།”ཞེས་པའི་ཞལ་ཆེམས་དྲོད་རླངས་ཐོལ་ལེ་བ་ཞིག་དང་། བརྡ་ལན་སྙིང་གི་ཡང་གཏིང་དུ་ཟུག་པ་ཞིག་གནང་ཡོད་པ་ལྟར། ༢༠༡༦་༢་༢༩ ཉིན་ལྡེ་ར་ལྡུན་ཁུལ་དུ་ཁོང་གིས་རང་ལུས་མེར་སྲེག་གནང་པ་རེད།
ང་ཚོའི་ཉེ་སར་བསྲེགས་པའི་དཔའ་རྒོད་ཁོང་གི་སྙིང་སྟོབས་འདི་དག་ད་ལྟ་མེ་ལྕེ་དང་ལྷན་དུ་དམར་ལྷམ་ལྷམ་དུ་འབར་སོང་ལ། ང་ཚོས་དཔའ་རྒོད་ཁོང་ཅག་གི་རེ་སྨོན་འདི་དག་བསྐལ་པའི་ཡང་མཐའ་ནའང་འབར་ཐུབ་པ་ཞིག་བཟོ་རྒྱུ་འགན་འཁྲིར་གྱུར་ཡོད།
སྤྱིར་བཏང་ད་བར་བོད་གཞིས་བྱེས་གཉིས་ནས་བོད་ཀྱི་རྩ་དོན་ཆེད་བོད་མི་ ༡༤༥ ཡིས་རང་ལུས་མེར་སྲེག་བཏང་ཟིན་ཡོད་པ་ལས་ཉེ་བའི་ཕྱི་ཟླ་༢ ཚེས་༢༩ སྟེ་ཉི་མ་གཅིག་རང་ལ་བཙན་བྱོལ་ནང་ནས་ལོ་ན་༡༦ ཅན་ཞིག་དང་༼ཕྱི་ཟླ་ ༣ ཚེས་ ༤ ཉིན་འདས།༽། བོད་ནང་ནས་ལོ་ན་༡༨ ཅན་ཞིག་༼ཉིན་དེར་རང་ལ་འདས།༽བཅས་བོད་མི་གཉིས་ཀྱིས་རང་སྲེག་བྱས་ཏེ་འདས་གྲོངས་ཕྱིན་ཡོད། ང་ཚོའི་གཞུང་དང་ཤུལ་ལུས་མི་མང་གིས་དཔའ་རྒོད་ཁོང་ཅག་གི་བློས་གཏོང་འདི་དག་ས་བོན་དུ་བྱས་ཏེ་སྟོན་ཁར་འབྲས་བུ་སྨིན་པ་ལྟ་བུའི་གྲུབ་འབྲས་རྡོག་རྡོག་ཅིག་དངོས་སུ་སྨིན་ཐབས་མ་ཐུབ་ཀྱང་། ཁོང་ཅག་གི་རྣམ་ཤེས་མདུན་ནས་ང་ཚོ་རང་ངོས་ནས་ཁྲེལ་མེད་ཀྱི་ལས་ཀ་བྱེད་མི་རུང་བ་ནི་དམའ་མཐའ་སའི་ཀུན་སྤྱོད་ཅིག་ཡིན།
སྤྱིར་བཏང་ད་ལྟའི་བཙན་བྱོལ་ནང་གི་བོད་ཀྱི་རྩ་དོན་ནི་དར་མཚོན་སྣ་ལྔའི་ནང་ན་དྲིལ་ཏེ་མཆོད་གཤམ་མདུན་ན་བཀྱག་ནས་བཞག་ཡོད་ལ། དགྲ་བོ་ལ་བསྟུན་མཁས་ཀྱི་ཀློང་ནས་བླ་སྲོག་ཆད་བཞིན་པ་དང་། རྒྱལ་སྤྱི་ལ་ངོ་སྲུང་གི་ཁྲོད་ནས་རྩ་རྒྱག་བཞིན་པ་ལྟར་ཡིན། དེའང་ཕྱི་ལོ་༢༠༠༨ ལོར་དམིགས་བསལ་ཚོགས་ཀྱི་གྲོས་ཆོད་ཅིག་ལ། ལོ་ཤས་ནང་ད་ལྟའི་བོད་ཀྱི་སྲིད་བྱུས་འདིར་རྒྱ་གཞུང་གིས་བརྡ་ལན་ངེས་ཅན་ཞིག་མ་སྤྲད་ཚེ་བསྐྱར་ཞིབ་བྱ་རྒྱུ་ཡིན་ཞེས་པ་དེར་བཟང་ཕྱོགས་ཀྱི་བརྡ་ལན་མེད་པའི་ཁར་འཇའ་ལྟར་ཡལ་སོང་ལ། ༡༩༤༩ ནས་ད་ལྟའི་བར་གྱི་རྒྱལ་གཅེས་དཔའ་རྒོད་དམ་པ་ཚོའི་དམིགས་འདུན་དང་རེ་སྨོན་དག་ལྷ་སྒྲུང་ལྟ་བུའི་ལྟ་སྟངས་ལས། ཐ་ན་དེ་དག་ལ་གཞུང་འབྲེལ་དུས་དྲན་སྲུང་བརྩི་ཙམ་ཡང་བྱེད་ཀྱི་མེད། དེ་ལས་ཀྱང་བཙན་བྱོལ་ནང་གི་ཆེས་མཐོའི་མི་སྣ་གཉིས་སྟེ་ད་ལྟའི་སྲིད་སྐྱོང་འོས་མི་ཚོས་རང་ལུས་མེར་སྲེག་གནང་མཁན་རྣམ་པས་གཙོས་འདས་པའི་སྐུ་གཤེགས་རྒྱལ་གཅེས་དཔའ་རྒོད་ཚོའི་འབོད་སྒྲ་ཙམ་ཡང་སྐྱར་ཟློས་གཙང་མ་ཞིག་བྱེད་ཐུབ་ཀྱིན་མེད་ལ། ཁོང་ཅག་གི་རེ་འདུན་དངོས་མ་ནི་མཁྲིས་ནད་ཅན་གྱི་མདུན་ན་བཙོ་ཟན་བཞག་པ་ལྟར་འགྱུར་བཞིན་ཡོད།།