མགོན་པོ་སྐྱིད་ལ་རྒྱ་གཞུང་གི་ཉེན་རྟོག་པས་སླར་ཡང་རུབ་རྡུང་བྱས་ཡོད་འདུག


བོད་ཀྱི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་ཁོང་ཐུག་པར་འགྲོ་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་གཅེན་པོ་དང་འཕྲད་མ་བཅུག་པ་མ་ཟད་རུབ་རྡུང་བྱས་ཏེ་ཕྱིར་བསློགས་ཡོད་འདུག
ཁ་སང་དགོང་མོར་བོད་ཀྱི་དུས་བབ་དྲྭ་ཐོག་ཏུ་བཀོད་པའི་བརྙན་ཡིག་གཉིས་ཀའི་གནས་ཚུལ་ལྟར་ན།  ཟླ་འདིའི་ཕྱི་ཚེས་༥ དང་༡༣ བཅས་ལ་བོད་ཀྱི་ཚོང་པ་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས། ཡུན་རིང་ཐུག་འཕྲད་ཙམ་ཡང་མ་ཐུབ་པའི་ཁོང་མོའི་གཅུང་པོ་དང་ངོ་ཐུག་ཡོང་ཕྱིར་ཞི་བའི་རེ་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཏེ་ཐུག་ཐབས་བྱས་འདུག་ཀྱང་། རྒྱ་གཞུང་གི་ཉེན་རྟོག་པས་དེ་སྔོན་ཕྱི་ཟླ་བདུན་པའི་ནང་ཐུག་འཇུག་དགོས་ཟེར་བ་རྫུན་ཡིན་པ་མ་ཟད། ད་ཐེངས་ཁོང་མོའི་རེ་སྐུལ་དང་ལེན་མ་བྱས་པའི་ཁར་ཉེས་རྡུང་བཏང་སྟེ་ཕྱིར་བསློགས་ཡོད་འདུག
 ཁོང་མོས་བརྙན་ལམ་ནས་རྒྱ་གཞུང་གིས་རྫུན་བཤད་པ་དང་རྒྱའི་ཉེན་རྟོག་པས་རུབ་རྡུང་བྱས་ཚུལ་སོགས་འདི་ལྟར་བཤད་འདུག
སྤྱི་ཟླ་ ༧ ཚེས་ ༥ དང་རེས་གཟའ་ལྷག་པའི་ཉིན་ངས་རྡོ་རྗེ་བཀྲ་ཤིས་ལ་ཐེངས་ཤིག་ཐུག་གི་འཇོག་རོགས་ཞེས་ཞུ་བ་འཐེན་པ་ཡིན། ང་ཚོས་ལས་བཞིན་པ་དག་ང་ཚོའི་བརྙན་ཐུང་ནང་ལེན་ཐུབ་ཀྱི་མི་འདུག ང་ཚོར་བརྙན་ལེན་བཅུག་གི་མི་འདུག ང་ཚོར་གཅར་རྡུང་བྱས་ནས་ལག་གི་ཁ་པར་འཕྲོག་གི་འདུག མི་གཅིག་གི་སྟེང་དུ་ཉེན་རྟོག་པ་བཞི་ལྔ་རེ་རུབ་ཡོང་གི་འདུག ངའི་གནས་ལུགས་དང་དྲང་བདེན་འདི་ཁྲིམས་ཁང་དང་བཙོན་ཁང་གི་སྒོ་གང་དུ་ཕྱིན་ཡང་བཤད་ས་མི་འདུག གཅིག་མཚུངས་རེད་འདུག ཁོ་ཚོས་ལས་བཞག་པ་ཞིག་བཤད་ན་ཆོག་ཀྱང་མི་ཆོག་ཀྱང་ངས་བཤད་ཀྱི་ཡིན། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ན་དཔོན་པོ་དང་མང་ཚོགས་ཀྱི་མགོ་ཐོག་གི་ཁྲིམས་འདྲ་མཉམ་ཡིན་པ་དང་བོད་པ་དང་རྒྱ་རིགས་ཀྱི་མགོ་ཐོག་གི་ཁྲིམས་འདྲ་མཉམ་རེད། འོན་ཀྱང་། ང་ཚོར་འདྲ་མཉམ་ཡོང་གི་ཡོད་དམ། ཞེས་དང་།

 ཕྱི་ལོ་ ༢༠༢༡ ཟླ་  ༡ ཚེས་ ༡༥ ཉིན་ངས་ཞུ་བ་འཐེན་སྟབས་ང་ལ་རྡོ་རྗེ་བཀྲ་ཤིས་ཀྱི་བརྙན་ཐུང་ཞིག་ལེན་བཅུག་སོང་། དེ་ནས་བཟུང་ད་བར་ངའི་སྤུན་ཡ་རྡོ་རྗེ་ཚེ་བརྟན་དང་ངེད་གཉིས་ལ་ཐུག་འཕྲད་བྱེད་ཀི་མི་འཇུག་པ་མ་ཟད། ཐ་ན་ཡི་གེ་གཅིག་ཀྱང་སྤྲོད་འཇུག་གི་མི་འདུག ད་ཟླ་ ༧ པའི་ནང་ང་ལ་ཐུག་གི་འཇུག་དགོས་ཟེར་མོད། ད་དུང་ཐུག་གི་བཅུག་མ་སོང་། འདི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལྟར། བཙོན་མ་ཐུག་རྒྱུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་མེད་པ་ཡིན་ན། ཞེས་བརྗོད་འདུག (སྐད་ཆ་ཡིག་འབེབས་པ་བོད་ཀྱི་དུས་བབ)


མགོན་པོ་སྐྱིད་ལགས་ནི་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་ཡིན་པ་དང་། ཁོང་༢༠༠༧ ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་བཀག་ཉར་བྱས་པ་དང་། རྡོ་རྗེ་བཀྲ་ཤིས་ལ་མ་ཉེས་ཁ་གཡོགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ནས་བཟུང་། ལོ་ངོ་བཅུ་ཙམ་གྱི་རིང་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་གཞིར་བཟུང་བདེན་དཔང་ཐོབ་རྒྱུའི་ཞུ་གཏུག་དང་། ཁོང་གློད་བཀྲོལ་ཡོང་བ་བཅས་ཀྱི་ལས་འགུལ་རིམ་པ་མང་པོ་ཞིག་སྤེལ་ཡོད་པ་དང་། རྒྱ་གཞུང་གིས་ཁོང་མོའི་འཚེ་མེད་ཞི་བའི་ངོ་རྒོལ་དེར། དབང་ཤེད་ཀྱིས་བཀག་འགོག་དང་དུས་བཀག་བཙོན་འཇུག ཉེན་རྟོག་པས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་རྐྱེན་གྱིས། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་ཛ་དྲག་ཐོག་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་མཉམ་འབྲེལ་གོ་སྒྲིག་འོག ༢༠༢༣ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ་ཁོང་མོ་དང་གཅུང་པོ་རྡོ་རྗེ་བཀྲ་ཤིས་གཉིས་ལ་ཕུལ་ཡོད་པ་རེད།

གསར་འགོད་པ་བསྟན་འཛིན་ལམ་བཟང་།