མང་གཙོ་དང་“རྨོངས་གཙོ།”

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༦༧ ཡི་ཆེད་བརྗོད། 

མང་གཙོའི་ལམ་ལུགས་ནི་གོ་ལའི་ཁྱོན་ཡོངས་སུ་དར་ཁྱབ་ཆེ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤུགས་རྐྱེན་ཆེ་ཤོས་དང་ཕྱོགས་ཡོངས་ནས་ཡག་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད། དམར་ཤོག་དང་རྒྱལ་པོའི་ལམ་ལུགས་སོགས་མི་གཅིག་དབང་འཛིན་དང་བསྡུར་ན་མང་གཙོའི་ལམ་ལུགས་ཡག་པ་ལས། མང་གཙོའི་ལམ་ལུགས་རང་ངོས་ནས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་དུ་ཁས་ལེན་བྱེད་མཁན་ཞིག་ཕལ་ཆེར་མེད་ཚོད་རེད། མི་མང་གི་འདོད་མོས་དང་དགའ་ཕྱོགས་གཙོ་བོར་བཟུང་བའི་ཆབ་སྲིད་ཀྱི་ལམ་ལུགས་དེ་མི་གཅིག་དབང་འཛིན་སོགས་ལས་རྦད་དེ་ཡག་པ་ཆབ་སྲིད་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན་ཤེས་ཐུབ། འོན་ཀྱང་མང་གཙོ་ལག་བསྟར་བྱ་ཡུལ་གྱི་མི་མང་ལ་ཤེས་ཡོན་གྱི་ཚད་ངེས་ཅན་ཞིག་ཡོད་དགོས་པ་ལས། ཤེས་ཡོན་དང་ལྟ་རྒྱ་ཐོས་རྒྱ་གང་ཡང་མེད་པའི་སྤྱི་ཚོགས་ཤིག་ཏུ་མང་གཙོའི་ལམ་ལུགས་ལག་བསྟར་བྱས་ཡོང་བའི་སྐབས་སུ་ཡུལ་དེར་“མང་གཙོའི་”ལམ་ལུགས་དེ་“རྨོངས་གཙོའི་”ལམ་ལུགས་སུ་འགྱུར་རྒྱུའི་ཉེན་ཁའང་མེད་པ་མིན།
རྒྱལ་ཁབ་སོ་སོའི་ཆབ་འབངས་ནང་ཤེས་ཡོན་གྱི་གནས་ཚད་ཞན་པ་དང། རྟོག་དཔྱོད་ཀྱི་ནུས་པ་མེད་པའི་མི་སེར་ཇི་ཙམ་མང་བ་དེའི་ཚོད་ཀྱིས་གཡོ་སྒྱུ་དང་སྟོབས་འབྱོར་ཆེ་བ་དག་གིས་མང་གཙོའི་ལམ་ལུགས་བེད་སྤྱོད་ལོག་པར་གཏོང་ཐུབ་ལ། མི་མང་ལ་ཤེས་ཡོན་དང་རྟོག་དཔྱོད་ཀྱི་བསམ་བློའི་ནུས་ཚད་ཇི་ཙམ་མཐོ་བ་དེའི་ཚོད་ཀྱིས་མང་གཙོའི་ལམ་ལུགས་ཀྱི་ནུས་པ་མངོན་ཐུབ། མང་གཙོའི་ལམ་ལུགས་ལག་བསྟར་གྱི་སྤུས་ཚད་གོང་འཐོར་གཏོང་བ་དང་ཚད་ལྡན་ཅན་དུ་འགྱུར་ཐུབ་མིན་གྱི་འགག་རྩ་གཙོ་བོ་ནི་མི་མང་གི་ཤེས་ཡོན་དང་རྟོག་དཔྱོད་ཀྱི་ནུས་པ་ཁོ་ན་ལ་རག་ལས་ཡོད། མི་མང་ལ་ཤེས་ཡོན་དང་རྟོག་དཔྱོད་ཀྱི་ནུས་པ་ཆེན་པོ་ཡོད་ན་འཕྲལ་ཕུགས་གང་ཐད་ནས་དཔལ་འབྱོར་དང། ཤེས་ཡོན། དམག་དོན་སོགས་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་དགོས་མཁོ་དངོས་དང་འཚམ་པའི་འགོ་ཁྲིད་པའི་དཔུང་ཁག་ཡག་པོ་ཞིག་འོས་འདེམས་བྱེད་ཐུབ་ལ། སྐབས་རེ་འགོ་ཁྲིད་མི་མང་གི་རེ་བ་ཇི་བཞིན་བྱུང་མེད་ན་འཕྲལ་དུ་ལེགས་བཅོས་བྱེད་པའི་བསམ་བློ་ཡང་གཏོང་ཐུབ།
དེ་ཡང་གཙོ་བོ་འགོ་ཁྲིད་མཁན་སུ་ཡིན་ཡང་གང་ཟག་དེ་ས་ཕྱོགས་གང་ནས་ཡིན་དང། སྒེར་ངོས་ནས་གཉེན་ཉེ་སོགས་ཀྱི་འབྲེལ་བ་ཡོད་མེད་ཙམ་མ་ཡིན་པར་འགོ་ཁྲིད་དེའི་དམིགས་ཡུལ་དང་འཆར་གཞི། ནུས་པ་སོགས་ཕྱོགས་གང་ཐད་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་འགོ་ཁྲིད་ཤེས་འཇོན་གཉིས་ལྡན་ཞིག་ཡིན་མིན་དེ་གཙོ་བོར་འཛིན་ཐུབ་པས། མང་གཙོའི་ལམ་ལུགས་བརྒྱུད་སྤྱི་ཚོགས་ཁྱོན་ཡོངས་ནས་ཚད་ལྡན་ཡང་དག་ཅིག་ཏུ་སྒྱུར་རྒྱུའི་ནུས་པ་ཡོད། ཆབ་འབངས་ལ་ཤེས་ཡོན་གྱི་ནུས་པ་ཞན་པ་དང། རྟོག་དཔྱོད་ཀྱི་ནུས་པ་དེ་བས་ཀྱང་ཞན་པོ་ཡིན་ན་མགོ་བདེ་དྲན་འཕྲུལ་ཅན་དག་གིས་བླུན་པོ་ཆུ་སྣ་གར་ཁྲིད་བཞིན་དུ་འགྱུར་ངེས་པས། ཤེས་ཡོན་མེད་མཁན་དང་རྟོག་དཔྱོད་མི་ཐུབ་མཁན་མང་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་མི་མང་གཙོ་བོར་བཟུང་བའི་མང་གཙོའི་ལམ་ལུགས་ནི། སྐབས་རེ་“རྨོངས་གཙོའི་”ལམ་ལུགས་ཤིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་ནི་ད་ལྟ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་གནས་སྟངས་སྤྱི་དང་བྱེ་བྲག་ལ་བལྟས་ན་ཤེས་ཐུབ།
མང་གཙོའི་སྤྱི་ཚོགས་ནང་འགོ་ཁྲིད་པ་རྣམས་ཀྱིས་མི་མང་གི་འདོད་མོས་དང་བསྟུན་དགོས་པ་དང། དམིགས་ཡུལ་དང་ལས་འཆར་ག་འདྲ་ཞིག་ཡིན་ཡང་མི་མང་གཙོ་བོར་འཛིན་མ་ཐུབ་ན། དུས་ཡུན་ཐུང་ངུའི་ནང་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་བསྐྱར་དུ་གོ་སྐབས་མི་སྤྲོད་པས། མི་མང་གིས་འགོ་ཁྲིད་འདེམས་དགོས་པ་དང། འགོ་ཁྲིད་ཀྱིས་མི་མང་ལ་བསྟུན་དགོས་པ་ནི་ལྟོས་གྲུབ་ཀྱི་འབྲེལ་བ་གལ་ཆེན་པོ་ཞིག་ཡིན། མང་གཙོའི་ལམ་ལུགས་ནང་མི་གཅིག་གིས་དུས་ཡུན་རིང་པོར་སྲིད་དབང་འཛིན་མི་ཐུབ་པའང་རྒྱུ་མཚན་འདི་ལ་ཐུག་ཡོད། ད་ལྟའི་ཆར་འཛམ་གླིང་ཤར་ནུབ་ཀུན་ཏུ་མང་གཙོའི་ལམ་ལུགས་ཉམས་ཆག་ཆེན་པོ་འགྲོ་བཞིན་ཡོད་པ་དང། གོ་ལའི་ཁྱོན་ཡོངས་སུ་རིན་ཐང་གི་ལྟ་བ་ལའང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། དེ་ཡང་གཙོ་བོ་རྒྱལ་ཞེན་དང་ཕྱོགས་ཞེན་གྱི་བསམ་བློ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། དེང་དུས་ཀྱི་སྐད་ཆ་ཤོད་སྟངས་ལྟར་ན་རྒྱལ་ཁབ་མང་པོ་ཞིག་གི་གཡས་ཕྱོགས་པར་རྒྱལ་ཁ་ཐོབ་བཞིན་པའི་དུས་སྐབས་ཤིག་ཏུ་གྱུར་ཡོད།
མདོར་ན་འཁྲུག་ཆ་དོད་པའི་འཛམ་གླིང་གི་ཆབ་སྲིད་གནས་སྟངས་འགྱུར་ལྡོག་གཏོང་བའི་ནུས་པ་དང་གོ་སྐབས་གཉིས་ཀ་བཙན་བྱོལ་བོད་མིར་མེད་ཀྱང། ཕྱི་ལོ་༢༠༢༦ ལོར་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་དང། གྲོས་ཚོགས་ཀྱི་འཐུས་མི་ཚང་མ་འོས་འདེམས་བྱེད་པའི་དུས་ཚོད་ལ་སླེབས་ཡོད་པས། ཐོབ་ཁོངས་སོ་སོའི་མི་མང་གིས་༧གོང་ས་མཆོག་གི་དགུང་ནའི་བབས་དང། བོད་དོན་འཐབ་རྩོད་ཀྱི་གནས་སྟངས། འཛམ་གླིང་གི་ཁ་ཕྱོགས་སོགས་ཕྱོགས་གང་ཐད་ནས་བསམ་བློ་བཏང་སྟེ་རང་ཉིད་ཀྱི་འགོ་ཁྲིད་དང་འཐུས་མི་དེ་དག་མ་ནོར་བ་ཞིག་འདེམས་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། མི་མང་གི་ངོས་ནས་ད་ཡོད་ཀྱི་འགོ་ཁྲིད་དང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཕལ་ཆེ་བ་རང་འཇགས་འོས་འདེམས་བྱས་ན་ཆབ་སྲིད་ཀྱི་ཁོར་ཡུག་ལ་འགྱུར་བ་གང་ཡང་འགྲོ་མི་སྲིད་པས། ༧གོང་ས་མཆོག་གིས་གནང་བའི་ཡང་དག་པའི་མང་གཙོའི་ལམ་ལུགས་དེ་ཐ་ཆད་ལོག་སྤྱོད་ཀྱི་“རྨོངས་གཙོའི་”ལམ་ལུགས་ཤིག་ཏུ་འགྱུར་རྒྱུ་ཡིན་མིན་ནི་གཙོ་བོ་མི་མང་གི་ལག་ཏུ་ཡོད།།