མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྙན་ཐོ་གསར་ཤོས་ནང་། རྒྱ་ནག་གིས་མུ་མཐུད་བོད་མིའི་རང་དབང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་ཚུལ་བཀོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལོ་འཁོར་སྙན་ཐོ་གསར་ཤོས་ནང་། རྒྱ་ནག་གཞུང་གིས་“སྐད་གཉིས་སློབ་གསོ་”དང་། “བརྟན་ལྷིང་སྲུང་སྐྱོང་”ལ་སོགས་པའི་མིང་བྱང་སྙན་པོ་སྣ་ཚོགས་ཐོག་ནས་མུ་མཐུད་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་དང་རྡོག་རོལ་ཚབས་ཆེན་བཏང་སྟེ། “བོད་མི་ཚོར་སྨྲ་བརྗོད་རང་དབང་གི་ཁོར་ཡུག་རྩ་བ་ནས་མེད་པར་བཟོས་”ཡོད་ཅེས་བརྗོད་འདུག
དེ་རིང་རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དྲ་ལམ་བརྒྱུད་དེ་<<ཕྱི་ལོ་ ༢༠༢༠ ལོའི་ལོ་འཁོར་སྙན་ཐོ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས།>>ཞེས་པའི་སྙན་ཐོ་གསར་ཤོས་དེ་འགྲེམ་སྤེལ་བྱས་སོང་།
སྙན་ཐོ་འགྲེམ་སྤེལ་དང་འབྲེལ་བའི་གསལ་བསྒྲགས་སུ་གསལ་བ་ལྟར་ན། ༢༠༢༠ ལོའི་སྙན་ཐོའི་ནང་རྒྱ་གཞུང་གིས་བསྟུད་མར་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་བཀག་ཉར། ཁྲིམས་འགལ་གྱིས་དམར་གསོད་བྱས་པ། གོ་རིམ་དང་ལྡན་པའི་ཐོག་ནས་མནར་གཅོད་བཏང་བའི་གནས་སྟངས་གསལ་འདོན་བྱས་ཡོད་ལ། ནང་མི་ཚོར་བརྡ་ལན་ཙམ་ཡང་མི་སྤྲད་པར་རྒྱ་གཞུང་གི་གསང་བའི་བཀག་ཉར་འོག་ཏུ་ལྷག་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་མུས་ཡིན་པ་དང་། རྒྱ་གཞུང་གིས་ཁོང་ཚོ་ཚང་མ་བོད་སྐད་ཡིག་སློབ་གསོ་དང་རིག་གཞུང་། རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོབ་ཐང་དོན་གཉེར་དང་ཞུ་གཏུག ཡང་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་བ་སོགས་ཁྲིམས་འགལ་ཉེས་གསོག་གི་ངོ་བོར་བསྒྱུར་ནས་གང་བྱུང་བཀག་ཉར་བྱེད་ཀྱིན་ཡོད་ཚུལ་འཁོད་ཡོད་འདུག
ཤོག་ངོས་ ༧༠ ལྷག་ལྡན་པའི་སྙན་ཐོ་དེའི་ནང་། “བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཟེར་བ་དང་། ཕྱི་ལོ་༢༠༢༡ ནས་ ༢༠༢༥ བར་གྱི་ལོ་ལྔ་ཚན་བཅུ་བཞི་བའི་ལས་གཞི་དང་ལག་བསྟར་ཟེར་བ་སོགས་དྲག་གནོན་སྲིད་ཇུས་འདི་དག་ཚང་མ་མུ་མཐུད་དུ་དམར་ཤོག་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་དམིགས་ཡུལ་དང་བདེ་འཇགས་ཀྱི་ལས་དོན། དཔལ་འབྱོར་གྱི་ཁེ་ཕན་དོན་འཁྱོལ་བྱེད་ཐབས་ཤིག་ཡིན་པ་མ་གཏོགས། བོད་མིའི་འཚོ་གནས་ཡར་རྒྱས་གཏོང་ཐབས་ཤིག་རྩ་བ་ནས་མིན་”སྐོར་བཀོད་ཡོད་འདུག
གཞན་ཡང་། སྙན་ཐོ་དེའི་ནང་རྒྱ་ནག་མི་རིགས་ཀྱིས་བཙན་བཟུང་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་མང་པོ་དམིགས་སུ་བཟུང་བའི་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་ཟེར་བ་དེ་དག་གིས་མངོན་གསལ་དོད་པོར་གྲངས་ཉུང་བོད་མི་ཚོའི་མངོན་འདོད་རྩིས་མེད་དུ་དོར་ནས་རྒྱ་རིགས་མི་མང་གི་ཁེ་ཕན་བསྐྲུན་ཏེ། བོད་མི་ཚོར་ཁེ་ཕན་དང་ཡར་རྒྱས་་གང་ཕྱིན་མེད་པ་དང་། དེ་ནི་མི་རིགས་ཕན་ཚུན་འདྲ་མཉམ་མིན་པ་དང་། དབྱེ་འབྱེད་ཆེ་བ་དང་ཉམས་ཉེས་ཚབས་ཆེན་བྱུང་བའི་ཉེར་ལེན་ཆགས་ཡོད། རྒྱ་གཞུང་གི་རྨང་གཞིའི་སྒྲིག་བཀོད་དང་གྲོང་ཁྱེར་ཅན་འཛུགས་སྐྲུན། སྐད་ཡིག་སློབ་གསོ། ལྷག་པར་དུ་“སྐད་གཉིས་སློབ་གསོ་”ཟེར་བ་སོགས་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་ཇུས་ཁག་ཚང་མ་མི་རིགས་རྒྱ་སྒྱུར་ལས་དོན་ཆེན་པོ་ཞིག་གི་ཆ་ཤས་ཡིན་པ་དང་། དེ་ནི་བོད་མིའི་ངོ་བོ་ཉམས་ཉེས་བཟོ་ཐབས་དང་རིག་གཞུང་རྒྱ་སྒྱུར་བྱེད་ཐབས་ཤིག་ཡིན་སྐོར་བཀོད་ཡོད་འདུག
དེ་མིན་ད་དུང་། མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱིས་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་སློང་བྱེད་ཀྱི་རྒྱུ་རྐྱེན་སྟེ། ཆོས་ལུགས་རང་དབང་ལ་དམ་དྲག་བྱེད་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐུར་འདེབས་བྱེད་དུ་འཇུག་པ། བོད་ཁུལ་དུ་ལོ་རེ་བཞིན་རྒྱ་རིགས་གནས་སྤོ་བ་ཇེ་མང་དུ་གཏོང་བ། ཆབ་སྲིད་ཀྱི་དྲག་གནོན་དང་དཔལ་འབྱོར་འདུ་འགོད་ཁྲོད་དུ་བོད་མི་ཚོ་ཟུར་ཕུད་བྱས་ཏེ་རང་སྐྱོང་གི་ཐོབ་ཐང་མེད་པ་བཟོ་བ། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་བཟོ་བ་བཅས་འདུས་པའི་བོད་མིའི་དཀའ་སྡུག་གཙོ་བོ་རྣམས་གླེང་སློང་ཙམ་ཡང་བྱས་མེད་ཅེས་བརྗོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།