མང་གཙོའི་རྒྱལ་ཁབ་ཚང་མས་མཉམ་རུབ་ཀྱིས་རྒྱ་ནག་དམར་པོར་ཁ་གཏད་གཅོག་དགོས་ཟེར།
ཨ་རིའི་གྲོས་ཚོགས་འཐུས་མི་རི་ཁི-སི་ཁོ་ཊི་(Rick Scott) ཡིས་ཨོ་སི་ཁྲུ་ལི་ཡ་དང་། མཐུན་ཕྱོགས་རྒྱལ་ཁབ་གཞན་རྣམས་རྒྱ་ནག་ལ་ཁ་གཏད་གཅོག་པའི་གྲང་དམག་གསར་པའི་ནང་ཞུགས་དགོས་པའི་འདོད་ཚུལ་བཏོན་འདུག
ཕྱི་ཟླ་༦ ཨ་རིའི་ཚེས་༩ ཉིན་ཨོ་སི་ཁྲུ་ལི་ཡའི་གསར་ཁང་གྲགས་ཅན་སི་ཏྲི་ནཱ་ཞོགས་པའི་བརྡ་འཕྲིན་(Sydney Morning Herald) གྱིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རི་ཁི-སི་ཁོ་ཊི་(Rick Scott) ལ་བཅར་འདྲི་ཞིག་བྱས་པའི་ནང་། འཐུས་མི་ཁོང་གིས་ཨ་རི་དང་། ཨོ་སི་ཁྲུ་ལི་ཡ། དེ་བཞིན་མཐུན་གྲོགས་རྒྱལ་ཁབ་རྣམས་ངེས་པར་དུ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རྒྱ་ནག་དམར་ཤོག་གི་འཛམ་གླིང་དབང་དུ་སྒྱུར་བའི་ཕུགས་བསམ་ལ་ཁ་གཏད་གཅོག་དགོས་སྐོར་བརྗོད་འདུག
ཁོང་གིས་མང་གཙོའི་རྒྱལ་ཁབ་ཚང་མས་ཅིས་ཀྱང་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་ཐད་ལ་བརྗོད་དོན། “ང་ཚོས་ངེས་པར་དུ་མཉམ་རུབ་ཀྱིས་འདི་བྱེད་དགོས། མང་གཙོའི་རྒྱལ་ཁབ་ཚང་མས་སོ་སོ་རང་ཉིད་ལ་’ང་ཚོས་མུ་མཐུད་འཛམ་གླིང་ཁྱོན་ནས་ཚན་རིག་ལག་རྩལ་རྐུ་བ་དང་། མང་གཙོའི་རྒྱལ་ཁབ་ཚང་མའི་ལག་ནས་ལས་རིགས་གཡོ་འཁྱེར་བྱེད་པ། དེ་བཞིན་འཛམ་གླིང་དབང་དུ་སྒྱུར་རྒྱུ་ཁོ་ནར་དམིགས་པའི་རྒྱ་ནག་དམར་ཤོག་ཚོགས་པར་སྟུན་ཐབས་བྱེད་རྒྱུ་ཡིན་ནམ་’ཞེས་འདྲི་དགོས།”
གཞན་ཡང་། ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པ་ནི་འགྲོ་བ་མིའི་ཐོབ་ཐང་དང་། དྲང་བདེན་གྱི་ཚོང་ལས་ལ་ཡིད་ཆེས་བྱེད་མཁན་ཞིག་མ་རེད་ཅེས་བཤད་པའི་ཁར། “ཁོ་ཚོ་འཛམ་གླིང་གི་མི་སེར་ཚུལ་མཐུན་ཞིག་བྱེད་པའི་འདུན་པ་མེད་ལ། མི་མང་གི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་འདོད་ཡོད། ཁོ་ཚོས་ཡུ་གུར་བ་རྣམས་དང་ཧོང་ཀོང་གི་མི་སེར་རྣམས་ལ་རྩིས་མེད་རྡོག་རོལ་གཏོང་སྟངས་དེར་ང་རང་སྐྱུག་མེར་ལངས་སོང་”ཞེས་སྨྲས་འདུག
སྔོན་ཆད་ཨ་རིའི་མངའ་སྡེ་ཧྥི་ལོ་ཌ་(Florida) ཡི་སྤྱི་ཁྱབ་སྲིད་སྐྱོང་གནང་མྱོང་བའི་གྲོས་ཚོགས་གོང་མའི་འཐུས་མི་ཁོང་ནི། རྒྱ་ནག་དམར་ཤོག་ཚོགས་པའི་སྐྱོན་ཚང་རྣམས་འཛེམས་ཟོན་མེད་པར་ཐེར་འདོན་བྱེད་མཁན་གྱི་ཆབ་སྲིད་པ་ཞིག་ཡིན་ཞིང་། ད་ལྟའི་ཆར་ཨ་རིའི་གཞུང་གི་ནང་སྲིད་དང་གཞུང་འབྲེལ་ལས་དོན་ཚོགས་ཆུང་སོགས་ཀྱི་ལས་འགན་ཁུར་མུས་ཡོད།
ཁོང་གིས་དེ་སྔོན་ཨ་རིའི་མི་མང་ལ་རྒྱ་ནག་ནས་ཐོན་པའི་དངོས་ཟོག་རྣམས་བཀག་སྡོམ་བྱེད་དགོས་པའི་འབོད་སྐུལ་དང་། ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་མེད་པ་བཟོ་བའི་དགོས་འདུན་འདོན་མྱོང་བའི་ཐོག ཨ་རིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་བཟོ་ཐབས་བྱེད་བཞིན་པར་རྒྱ་ནག་གིས་བར་ཆད་བཟོ་བཞིན་པའི་ཉེས་འཛུགས་ཀྱང་བྱས་འདུག
རྒྱལ་སྤྱིའི་འབྲེལ་ལམ་དཔྱད་བརྗོད་པ་ཚོས་ཕྱི་ལོ་༢༠༡༨ ལོ་ནས་བཟུང་ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་དུ་གྲང་དམག་གསར་པ་ཞིག་གི་འགོ་ཚུགས་བཞིན་ཡོད་པའི་གླེང་སློང་བྱུང་ཡོད་པ་དང་། ཉེ་ཆར་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་འབྲེལ་མཁས་པ་ཨེ་ལན-ཌོའུ་ཕན་(Alan Dupont) གྱིས་ཨ་རྒྱ་རྒྱལ་ཁབ་གཉིས་ཀས་ཕན་ཚུན་འཛེམས་དོགས་མེད་པར་དངོས་སུ་འགྲན་རྩོད་བྱེད་ཀྱིན་ཡོད་པས། རྒྱལ་ཁབ་གཉིས་ཀྱི་བར་དུ་གྲང་དམག་གསར་པ་ཞིག་དངོས་སུ་བྱུང་ཟིན་སྐོར་བཤད་འདུག
གྲོས་ཚོགས་འཐུས་མི་རི་ཁི-སི་ཁོ་ཊི་(Rick Scott) ཕྱི་ཟླ་༦ ཚེས་༩ ཉིན་ཋོའུ་ཋར་དྲ་བའི་ཐོག་གྲང་དམག་གསར་པ་འདི་དང་འབྲེལ་སྐད་ཆ་བཞག་པའི་ནང་། “གྲང་དམག་གསར་པ་”འདིའི་ནང་། མང་གཙོའི་རྒྱལ་ཁབ་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱ་ནག་དམར་ཤོག་ཚོགས་པར་ཁ་གཏད་གཅོག་དགོས་སྐོར་བརྗོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།