མཉམ་འབྲེལ་ཁག་གི་དོན་དངོས།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༩༩)

བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་མཉམ་འབྲེལ་ཡོད་ཅིང་། སྔོན་མ་ས་གནས་འགོ་འཛིན་སུ་ཡིན་པ་དེ་མཉམ་འབྲེལ་གྱི་འགན་འཛིན་རང་བཞིན་གྱིས་ཡིན་པ་ལྟ་བུ་ཡིན། སོ་ནམ་འདེབས་ལས་སོགས་གཞིས་ཆགས་ཁག་གི་ལས་དོན་དང་། རྒྱ་གར་གཞུང་ནས་རོགས་རག་ཐབས་སོགས་ས་གནས་འགོ་འཛིན་ལས་ཁུངས་ཁག་ལས་མཉམ་འབྲེལ་སྟབས་བདེ་བ་ཡོད། ལས་དོན་བྱེད་སྟངས་ཐོག་ནས་ས་གནས་འགོ་འཛིན་གྱི་ཡིག་ཚང་ཡང་མཉམ་འབྲེལ་དང་གཅིག་པ་ཡིན་པ་སོགས་གཅིག་ལས་ཐ་དད་ལྟ་བུ་མེད་ཀྱང་། མཉམ་འབྲེལ་ཁག་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པས། མ་འོངས་པར་གཞིས་ཆགས་སོ་སོའི་མི་མང་གི་འཚོ་བར་ཕན་ཐོགས་ཆེ་ཤོས་ཡོང་བའི་རེ་བའང་བརྒྱབ་ཡོད། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་མཉམ་འབྲེལ་ཁག་བཙན་བྱོལ་བོད་གཞུང་གི་ཐད་ཀའི་སྟངས་འཛིན་འོག་མེད་པར་རང་སྐྱོང་སྡེ་ཚན་དུ་བསྒྱུར། མཉམ་འབྲེལ་ཁག་བཅོ་ལྔ་སྤྱི་མཐུན་གྱི་མཉམ་འབྲེལ་ཞིག་བཙུགས་ཏེ་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས།

སྤྱི་མཐུན་མཉམ་འབྲེལ་ལ་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་བརྒྱུད་རོགས་རམ་ཡང་མང་པོ་ཞིག་གནང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐབས་མཉམ་འབྲེལ་ཙམ་མ་ཡིན་པར་བཙན་བྱོལ་བོད་གཞུང་གི་ཁྱབ་ཁོངས་སུ་ཡོད་པའི་རང་སྐྱོང་སྡེ་ཚན་ཁག་ཀྱང་། གནས་ཡུལ་གཞུང་ལ་དེབ་སྐྱེལ་བྱས་པའི་ཁྲིམས་ལུགས་ལྟར་བཙན་བྱོལ་གཞུང་གིས་སྟངས་འཛིན་ཉུང་དུ་བཏང་ནས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་དབར་ཁ་དང་ཁ་སྤུ་དབྱེ་འབྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་སྐབས་དང་ཁེལ་བས། མཉམ་འབྲེལ་ཁག་ཀྱང་སྐབས་དེར་རང་སྐྱོང་ཅན་དུ་བསྒྱུར། འོན་ཀྱང་རང་སྐྱོང་སྡེ་ཚན་གཞན་དག་དང་བསྡུར་ན་མཉམ་འབྲེལ་ཁག་ལ་ཐུགས་རེ་ཧ་ཅང་ཆེན་པོ་གནང་ཡོད། རིམ་པས་ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་འབྲེལ་དབར་དབྱེ་བ་ཕྱེས་ཡོང་བའི་སྐབས་ས་གནས་འགོ་འཛིན་ལས་ཁུངས་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཅིང་། ས་གནས་མང་ཙམ་ཞིག་ཏུ་མཉམ་འབྲེལ་དང་ས་གནས་འགོ་འཛིན་དབར་མི་མཐུན་པའི་གནས་ཚུལ་ཡང་མང་པོ་བྱུང་ཡོད།

མཉམ་འབྲེལ་ཁག་གི་ནང་ནས་ཁེ་བཟང་གང་འཚམ་ཡོད་པ་རྣམས་ཀྱི་ནང་ནས། ཐད་ཀར་མི་མང་ལ་ཁེ་བཟང་ཆེན་པོ་གང་ཡང་མེད་ཀྱང་། མཉམ་འབྲེལ་གྱིས་༧གོང་ས་མཆོག་གི་ཕོ་བྲང་ཆེན་པོ་རེ་གསར་བཞེངས་གནང་བ་ལྟ་བུ། ས་གནས་དེ་དག་གི་དགོན་སྡེ་གྲྭ་ཚང་ཆེ་ཁག་ཏུ་༧གོང་ས་མཆོག་གི་གཟིམས་ཆུང་སྤུས་གཙང་མང་པོ་ཡོད་བཞིན་དུ་ས་གནས་ཀྱི་དགོས་མཁོ་དངོས་དང་ཅི་ཙམ་མཐུན་མིན་བཤད་དཀའ་ནའང་། ཤས་བདག་མི་མང་གི་འདོད་མོས་དང་མི་མཐུན་པ་མེད་ཅིང་། གོང་རིམ་ནས་གཟིགས་ཚུལ་ཡང་ཡག་པོ་ཡོད་ན་ལས་སྣེ་རྣམ་པས་གོང་འོག་བར་གསུམ་གྱི་འདོད་པ་དང་བསྟུན་དགོས་པ་གལ་ཆེན་པོར་གཟིགས་ཏེ་ཧིན་སྒོར་བྱེ་བ་མང་པོའི་འགྲོ་སོང་བཏང་ཡོད། རྩ་བས་འགྲོ་སོང་དེ་དག་ཤེས་ཡོན་དང་འཕྲོད་བསྟེན། ཤས་བདག་མང་ཚོགས་ཀྱི་འཚོ་བའི་ཁ་སྣོན་དུ་བཏང་ཡོད་ན་ཁེ་ཕན་དེ་ལས་ཆེ་བ་ལྟ་བུ་ཡོད་ཀྱང་། བྱེད་སྟངས་དེ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་འགྲོ་སྟངས་ལྟ་བུར་གྱུར་ཟིན་པ་ལས། སྡེ་ཚན་བྱེ་བྲག་པ་ཞིག་གི་ནོར་འཁྲུལ་ཙམ་ཞིག་མིན། 

མཉམ་འབྲེལ་ནང་ཉམས་ཆག་ཆེ་ཤོས་བྷན་ད་ར་ནོར་རྒྱས་གླིང་ལྟ་བུར་མཚོན་ན་མཉམ་འབྲེལ་གྱོང་གུད་དུ་ཕྱིན་པ་མ་ཟད། མི་མང་གིས་བཅོལ་འཇོག་བྱས་པ་ཧིན་སྒོར་འབུམ་བརྒྱའི་གཡས་གཡོན་ཞིག་མཉམ་དྲུང་གིས་ལྐོག་ཟ་བྱས་པའི་གནས་ཚུལ་ཡང་ཐོན་ཡོད། མཉམ་འབྲེལ་དེའི་དངུལ་འཛིན་ཐོག་མཉམ་འབྲེལ་ཚོགས་གཙོས་སྔོན་ཚུད་ནས་མཚན་རྟགས་མང་པོ་ཞིག་བརྒྱབ་ནས་བཞག་ཡོད་པས། མཉམ་དྲུང་གིས་ལྐོག་ཟ་བྱེད་སྟབས་བདེ་པོ་ཆགས་པ་ནི་ཆེད་དུ་ཚོགས་གཙོ་དང་མཉམ་དྲུང་ཁ་མཐུན་ཡིན་མིན་གང་ལྟར་ཡང་། ཚོགས་གཙོ་ལ་ཁྲིམས་ཐོག་ནས་འགན་འཁྲི་ངེས་ཅན་ཞིག་ཡོད་པ་ནི་སྨྲོས་མེད་རེད། འོན་ཀྱང་མཉམ་དྲུང་དེ་མཐོ་རིམ་དཔོན་རིགས་ཁག་དང་འབྲེལ་ཡོད་ཅིག་ཡིན་པའི་དབང་དུ་བཏང་ན་རིམ་པས་བྱ་འཕུར་རྗེས་མེད་ཀྱི་དཔེ་རུ་འགྱུར་སྲིད། གང་ལྟར་མཉམ་འབྲེལ་འདི་ལྟ་བུ་ལ་མཚོན་ན་ཁེ་བཟང་གིས་མི་མང་ལ་ཕན་ཐོགས་མེད་པ་མ་ཟད། མི་མང་ལ་གསོག་དངུལ་ཡོད་པ་དག་ཀྱང་མཉམ་དྲུང་གིས་ལྐོག་ཟ་བྱས་ཡོང་དུས་ཕན་ལས་གནོད་དུ་གྱུར་ཡོད།

མདོར་ན་མཉམ་འབྲེལ་ཁག་ནི་མི་མང་གི་འཚོ་བ་ལ་ཕན་ཐོགས་པའི་རེ་བ་བརྒྱབ་ནས་བཙུགས་པ་ཞིག་ཡིན། སྡུག་ས་ནས་བཤད་ན་གནས་སྟངས་སྣ་ཚོགས་ཀྱི་དབང་གིས་བཙན་བྱོལ་བོད་གཞུང་གནས་མ་ཐུབ་ཀྱང་། མཉམ་འབྲེལ་ཁག་ལ་བརྟེན་ནས་གཞིས་ཆགས་རྣམས་ཁ་འཐོར་དུ་མི་འགྲོ་བར་གནས་ཐུབ་པའི་རེ་བ་ཡོད་ཚུལ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་ཡང་ཡང་གསུངས་མྱོང་། ཐོག་མ་བོད་གཞུང་གིས་བཙུགས། བར་དུ་བོད་གཞུང་གིས་བསྐྱངས། མཐའ་མ་གཞུང་གིས་རོགས་རམ་བྱས་ཀྱང་བོད་གཞུང་གི་སྟངས་འཛིན་འོག་མེད་པར་མགོ་བདེ་དྲན་འཕྲུལ་ཅན་དག་གིས་ལྐོག་ཟ་རུལ་སུངས་བྱེད་ཆོག་ཆོག་ཏུ་གྱུར་པ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད། ༧གོང་ས་མཆོག་གིས་ཐུགས་རེ་ཆེན་པོ་ཞིག་གནང་། བཙན་བྱོལ་བོད་གཞུང་གིས་འཆར་གཞི་བཟོས་ནས་ལག་བསྟར་བྱས་པའི་སྡེ་ཚན་གལ་ཆེན་པོ་འདིའི་དམིགས་ཡུལ་དང་དོན་དངོས་བར་ཐག་རིང་དུ་འགྲོ་བཞིན་པ་ནི། ཁ་དང་ཁ་སྤུ་དབྱེ་འབྱེད་ལས་འགུལ་ལ་དོན་དངོས་གྲུབ་འབྲས་མ་ཐོན་པའི་ཟུར་ངོས་ཤིག་རེད།།