མི་ཁ་ཤས་ཀྱི་ཆེད་རེད་ཟེར།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༩༥)

ཉེ་ཆར་རྒྱ་གཞུང་གི་ཕྱི་སྲིད་མགྲིན་ཚབ་པས་ཏཱ་ལའི་བླ་མ་སྐུ་སྒེར་དང་། སྐུ་འཁོར་རེ་ཟུང་གི་གནད་དོན་ཙམ་ལས་བོད་དོན་ཟེར་བ་ཞིག་མེད་ཚུལ་ཧམ་བཤད་བྱས་པར་ཧ་ལས་མདོག་བྱེད་མཁན་ཡོད་ཀྱང་། དོན་དངོས་སུ་དེ་ནི་རྒྱ་གཞུང་གིས་སྔོན་མ་ནས་བསྐྱར་ཟློས་ཡང་ཟློས་བྱས་བསྡད་པ་ཞིག་ལས་གསར་པ་ཞིག་གང་ཡང་མ་རེད། བོད་དོན་དེ་རྒྱ་གཞུང་ལ་གནོན་ཤུགས་ཆེན་པོ་ཞིག་མ་ཆགས་ན། བོད་པས་ཁས་བླངས་པའི་དབང་དུ་བཏང་ཡང་། རྒྱ་གཞུང་གིས་ལག་བསྟར་མི་བྱེད་ངེས་ཅན་རེད། ༧གོང་ས་མཆོག་སྐུ་སྒེར་དང་བླ་བྲང་གི་སྐུ་འཁོར་རེ་ཟུང་གི་གནད་དོན་ཁོ་ན་ཙམ་ཡིན་ན། ཐོག་མ་ནས་རྒྱ་གཞུང་ལ་བསྟུན་མཁས་ཡག་པོ་གནང་རྒྱུ་ཙམ་ལས་བཙན་བྱོལ་དུ་ཕེབས་དགོས་དོན་མེད་ངེས་ཡིན་པ་ནི། ང་ཕོད་ངག་དབང་འཇིགས་མེད་ཀྱི་ནང་མིའི་གནས་སྟངས་ལས་ཤེས་ཐུབ་པ་ཞིག་རེད། གོ་གནས་དང་དགོས་མཁོ་གང་ཐད་ནས་ང་ཕོད་དང་ཁོང་གི་སྐུ་འཁོར་ལས་ཀྱང་། ༧གོང་ས་མཆོག་དང་ཁོང་གི་སྐུ་འཁོར་རྣམས་ལ་ལྡབ་ཁ་ཤས་ཀྱིས་མཐུན་རྐྱེན་ཡག་པོ་སྦྱར་ངེས་ཡིན་པ་སྨྲོས་མི་དགོས་པ་རེད།

འོན་ཀྱང་༧གོང་ས་མཆོག་གིས་ད་བར་སྐུ་ཚེ་གང་ལ་བོད་དང་བོད་མི་རིགས། བོད་ཀྱི་ཆོས་དང་རིག་གཞུང་བཅས་ཀྱི་ཆེད་ཐུགས་འགན་རྐང་བཞེས་མཛད་པ་ལས། སྐུ་སྒེར་གྱི་ཆེད་དགོངས་པ་བཞེས་མེད་ལ། དགུང་གྲངས་༩༠ ལ་ཕེབས་ཟིན་པའི་དུས་འདིར་རྒྱ་གཞུང་དང་མཉམ་གྲོས་མོལ་གྱིས་ཐག་གཅོད་དགོས་པའི་སྐུ་སྒེར་གྱི་གནད་དོན་དང་ཁེ་ཕན་ཞིག་གང་ཡང་ལྷག་མེད། རྒྱ་གཞུང་གིས་སྔ་རྗེས་གསལ་པོ་བཟོས་ཟིན་པའི་གནད་དོན་འདི་ལ་འགྱུར་བ་གང་ཡང་མ་བཏང་ན་གྲོས་མོལ་བྱེད་པའི་གཞི་རྩ་གང་ཡང་མེད་པས། དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་གཞུང་དང་འབྲེལ་བ་ཡིན་ལ་མིན་ལ་ཞིག་ཡོད་པ་ལས་མེད་ན་ཡག རྒྱ་གཞུང་དང་འབྲེལ་བ་ཅུང་ཙམ་རེ་ཡོད་པའི་སྐབས་སུ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ལས་འགུལ་སྤེལ་མི་རུང་བ་སོགས་ཁོར་ཡུག་བསྐྲུན་པའི་ལས་འགུལ་སྤེལ་བ་ནས་བཟུང་། བོད་མི་ནང་ཁུལ་དུམ་བུར་གྱུར་ཡོད་པ་མ་ཟད། རྒྱལ་ཞེན་དང་བོད་ཞེན་ཅན་ཉུང་དུ་སོང་བ་དང་། རྒྱ་གཞུང་དང་མཉམ་སྒེར་གྱི་ཁེ་ཕན་ཆེད་འབྲེལ་བ་མངོན་གསལ་བྱེད་མཁན་ཡང་མང་དུ་སོང་ཡོད།

ད་ལྟའི་ཆར་བོད་མི་རེ་ཟུང་གིས་སྒེར་གྱི་ཁེ་ཕན་ཆེད་རྒྱ་གཞུང་གི་འདོད་དོན་སྒྲུབ་བཞིན་པ་ངན་བྱས་ངོ་སོར་ཁྱེར་ཡང་སྤྱི་ཚོཌ་ནང་དམིཌ་བསལ་ཚོར་སྣང་གང་ཡང་མེད་པ་དང་། མི་སྒེར་གྱི་ཁེ་ཕན་བློས་བཏང་ནས་དུས་རྒྱུན་བོད་དོན་ཆེད་ལས་འགུལ་སྤེལ་ཡང་། དེ་ལ་དམིཌ་བསལ་གྱི་རིན་ཐང་དང་བརྩི་མཐོང་འཇོག་མཁན་དཀོན་པ་ལྟ་བུར་གྱུར་ཟིན་པ་ནི། རྒྱ་གཞུང་དང་མཉམ་དུ་འབྲེལ་བ་ཡིན་ལ་མིན་ལ་ཞིག་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་ཡོད། མ་འོངས་པར་ཡང་བོད་རྒྱལ་ཁབ་དང་བོད་མི་རིཌ་ཀྱི་ཆེད་གྲོས་མོལ་བྱེད་ཐབས་ཡོད་ན་མ་གཏོགས། ༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཐོག་འབྲེལ་བ་བྱེད་དགོས་དོན་གང་ཡང་མེད། གལ་སྲིད་མི་གཞན་ཞིག་གིས་དེ་ལྟར་བྱས་པའི་དབང་དུ་བཏང་ཡང་༧གོང་ས་མཆོག་གི་དགོངས་གཞི་དང་ཡོངས་སུ་འགལ་བ་ཞིག་ཡིན་པ། ༧གོང་ས་མཆོག་གི་སྐུ་ཚེ་གང་གི་མཛད་པ་དང་བཀའ་སློབ་ལས་རྟོགས་ཐུབ་པས། ༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ལ་ཁ་གཡར་ནས་རྒྱ་གཞུང་གིས་དུས་འགྱང་ཞག་འཕུད་བྱེད་པའི་ལག་ཆ་ཙམ་དུ་འགྱུར་མི་རུང་།

རྒྱ་དམར་གཞུང་ངོས་ནས་སྐུ་སྒེར་གྱི་གནད་དོན་ཞིག་ཡོད་མདོག་བྱེད་པ་ནི། ༧གོང་ས་མཆོག་ལ་ཆེ་མཐོང་དང་དད་གུས་མ་ཡིན་པར་མ་འོངས་སྐུའི་ཡང་སྲིད་རྒྱ་གཞུང་གིས་བེད་སྤྱོད་གཏོང་ཐུབ་པ་ཞིག་བཟོ་ཆེད་ཁོ་ནར་དམིགས་ཡོད། གནད་དོན་འདི་ལ་བརྟེན་ནས་མ་འོངས་པར་བོད་རྒྱལ་ཁབ་ཙམ་དུ་མ་ཟད། བོད་མི་རྣམས་མི་རབས་ཚ་བརྒྱུད་དང་བཅས་པ་མིང་གི་ལྷག་མར་བསྒྱུར་རྒྱུའི་སྲིད་བྱུས་གཏིང་ནག་པོ་ཞིག་ལག་བསྟར་བྱེད་པའི་མཐུན་རྐྱེན་ཉག་གཅིག་ཏུ་བསྒྱུར་ཆེད་རེད། དེ་ལས་བོད་དོན་འཐབ་རྩོད་དེ་དུས་ཐུང་ནང་མ་འགྲུབ་ཀྱང་མ་འོངས་པའི་བུ་ཚ་ཕྱི་རབས་པ་རྣམས་ལ་རང་ཉིད་ཀྱིས་འདེམས་ཆོག་པའི་ལམ་ཁ་ཙམ་ཞིག་ལྷག་དགོས་པ་དེ་གལ་ཆེན་པོ་ཡིན། ༧གོང་ས་མཆོག་གིས་རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་གྱིས་ཞེས་གསུངས་པ་བཞིན། གང་མགྱོགས་བོད་དོན་ཐག་གཅོད་ཀྱིས་གཞིས་བྱེས་མཉམ་འཛོམས་ཐུབ་པའི་རེ་བ་རྒྱག་ཆོག་ཀྱང་། གལ་སྲིད་མ་བྱུང་བར་མི་རབས་མང་པོར་ལྷག་ཀྱང་བོད་དོན་འཐབ་རྩོད་དེ་རྩ་མེད་དུ་མི་འགྲོ་བའི་གྲ་སྒྲིག་ངེས་པར་དུ་བྱ་དགོས།

མདོར་ན་སྤྱི་པའི་འཐབ་རྩོད་དེ་སྤྱི་པའི་ས་ནས་བཞག་སྟེ་ཕུགས་རྒྱང་རིང་པོར་བསམ་བློ་གཏོང་དགོས། མཁྲེགས་འཛིན་ཆེ་བའི་རྒྱ་གཞུང་གི་ཆབ་སྲིད་ལ་དམག་དཔུང་གི་ཐོག་ནས་ཁ་གཏད་གཅོག་མི་ཐུབ་ཀྱང་། སྲིད་བྱུས་དང་བསམ་བློའི་ཐོག་ནས་འཆར་གཞི་ངེས་ཅན་ཞིག་འཛིན་དགོས། དེ་ཙམ་ཡང་མ་ཐུབ་པར་རྒྱ་གཞུང་ལ་སྤྲེལ་ལད་འཁྲབ་རྒྱུའི་ཁ་ཕྱོགས་ཤིག་ཏུ་འགྱུར་སོང་ན། རིམ་པས་དགྲ་དང་གཉེན་ལ་ཁྱད་པར་གང་ཡང་མེད་པ་དང་། རྒྱལ་གཅེས་པ་དང་རྒྱལ་ཚོང་བའི་དབྱེ་བ་མི་ཤེས་པ། བྱས་རྗེས་དང་ཞབས་འདྲེན་གྱི་དབྱེ་བ་མི་ཤེས་པའི་མི་རིགས་ཤིག་ཏུ་འགྱུར་ངེས་ཡིན་པས། བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་རྒྱུའི་བསམ་བློ་དང་འདུ་ཤེས་ཀྱང་འཚོ་བའི་དགོས་མཁོ་ལ་བརྟེན་ནས་རིམ་པས་བརླག་ངེས་རེད། རྒྱལ་ཞེན་དང་ལ་རྒྱ་དང་ལྡན་པའི་མི་རིགས་ཤིག་གསོ་སྐྱོང་བྱེད་པར་ཐབས་ལམ་ཡག་ཤོས་དེ་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་དགོས་པའི་ཁ་ཕྱོགས་ཤིག་ཏུ་བསྒྱུར་ནས་སློབ་གསོ་སྤྲད་མ་ཐུབ་ན་མི་རིགས་ཀྱི་འདུ་ཤེས་དང་བསམ་བློ་བཅས་ཡོངས་སུ་བརླག་རྒྱུའི་ཉེན་ཁ་ཆེ།།