མི་མེད་གནམ་གྲུ་བཙོངས་པའི་རྐྱེན་གྱིས་ཨི་རན་ལ་མུ་མཐུད་ནས་དཔལ་འབྱོར་ཉེས་ཆད་།

ད་ཆར་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་རྒྱག་བཞིན་ཡོད་པར་བརྟེན། ཨི་རན་རྒྱལ་ཁབ་ཀྱིས་མི་མེད་གནམ་གྲུ་ཨུ་རུ་སུ་ལ་བཙོངས་ཡོད་པའི་རྐྱེན་གྱིས་དབྱིན་ཡུལ་དང་། ཧྥ་རན་སི། འཇར་མན་བཅས་ཀྱིས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་མུ་མཐུད་ནས་བཅད་ཡོད་འདུག
ཕྱི་ཚེས་༡༥ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༡༥ ལོར་ཨི་རན་དང་ལྷན་དུ་ཡུ་རོབ་རྒྱལ་ཁབ་འགའ་ཤས་ཀྱིས་རྡུལ་ཕྲན་མཚོན་ཆ་འགོག་རྒོལ་ཆེད་གྲོས་མཐུན་བཞག་ནས་ཟླ་བ་འགའ་ཤས་རྗེས་སུ་དཔལ་འབྱོར་གྱི་ཉེས་ཆད་རྣམས་མེད་པ་བཟོས་ཡོད་ཀྱང་། ཕྱིས་སུ་ཨི་རན་གྱིས་གོ་མཚོན་མང་དུ་བཟོས་ཡོད་པ་དང་འགད་རྫས་ནང་ཡོད་པའི་(Uranium )ཟེར་བའི་རྫས་དེ་མང་པོ་ཉར་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་འདུག དེ་རྗེས་ཡུ་རོབ་རྒྱལ་ཁབ་དག་གིས་ཨི་རན་གྱི་དཔལ་འབྱོར་ཡར་རྒྱས་སྟོབས་ཤུགས་བཀག་འགོག་བྱས་པ་མ་ཟད། ཨུ་རུ་སུ་ལ་གོ་མཚོན་བཙོང་རྒྱུ་བཀག་འགོག་ཆེད་དཔལ་འབྱོར་ཉེས་ཆད་བཅད་ཡོད་འདུག ཨི་རན་གྱིས་མི་མེད་གནམ་གྲུ་དུ་མ་ཞིག་ཨུ་རུ་སུ་ལ་བཙོངས་ཡོད་པ་དང་། མི་མེད་གནམ་གྲུ་དེ་དག་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ཁྲོད་བེད་སྤྱོད་བཏང་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག གོང་གི་ཡུ་རོབ་རྒྱལ་ཁབ་དེ་དག་གསུམ་གྱིས་བརྗོད་དོན་ལ་དཔལ་འབྱོར་ཉེས་ཆད་བཅད་དོན་ནི་ཨི་རན་གྱིས་ཨུ་རུ་སུ་ལ་གོ་མཚོན་བཙོང་རྒྱུ་བཀག་སྡོམ་བྱེད་ཆེད་དང་། རྡུལ་ཕྲན་མཚོན་ཆ་བཀག་འགོག་བྱེད་ཆེད་ཡིན་པར་བརྗོད་འདུག འོན་ཀྱང་དཔལ་འབྱོར་ཉེས་ཆད་བཅད་མིན་ལ་མ་ལྟོས་པར་ཨི་རན་གྱིས་ཨུ་རུ་སུ་ལ་མི་མེད་གནམ་གྲུ་དུ་མ་ཞིག་བཙོངས་ཡོད་འདུག ཕྱི་ལོ་༢༠༡༥ ལོར་(Joint Comprehensive Plan Of Action ) (JCPOA) ཨ་རི་དང་དབྱིན་ཡུལ། ཧྥ་རན་སི། རྒྱ་ནག ཨུ་རུ་སུ། འཇར་མན་བཅས་རྒྱལ་ཁབ་དྲུག་གིས་ཨི་རན་དང་ལྷན་དུ་རྡུལ་ཕྲན་མཚོན་ཆ་འགོག་རྒོལ་ཆེད་དུ་གྲོས་མཐུན་བཞག་ཡོད་འདུག དེ་བཞིན་ཨི་རན་ཡང་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་ལས་དོན་རིགས་མི་བྱེད་རྒྱུ་ཁས་ལེན་བྱས་ཡོད་འདུག་ལ། ཨུ་རུ་སུ་ལ་གོ་མཚོན་རིགས་མི་འཚོང་རྒྱུ་ཡང་ཁས་ལེན་བྱས་ཡོད་འདུག འོན་ཀྱང་། ཕྱིས་སུ་རྒྱལ་ཁབ་གསུམ་གྱིས་རྟོགས་དོན་ལ་ཨི་རན་གྱིས་དེ་སྔོན་བཞག་པའི་གྲོས་མཐུན་རྣམས་རྩིས་མེད་བཏང་ཡོད་པར་བརྟེན། དཔལ་འབྱོར་ཉེས་ཆད་རྣམས་མུ་མཐུད་ནས་བཞག་རྒྱུ་ཡིན་པར་བརྗོད་འདུག ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་ལས་དོན་རིགས་བརྩམ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།