མི་ཡུལ་ག་ཚོད་སྐྱིད་ཀྱང་། རང་ཡུལ་ནམ་ཡང་མ་བརྗེད་ཅེས་པའི་ལས་འགུལ་ཐེངས་དྲུག་པ་དེ་སྤེལ་བཞིན་འདུག

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཐེངས་དྲུག་པ་དེ་བོད་མིའི་གཞིས་ཆགས་བདེ་སྐྱིད་གླིང་ནས་རྡ་རམ་ས་བརྒྱུད་ནས་རྒྱ་གར་གྱི་རྒྱལ་ས་ལྡི་སི་བར་སྤེལ་འཆར་ཡོད་པ་དང་། ཁོང་གི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་འདི་ལོའི་ཕྱི་ཟླ་༤ པའི་ཚེས་༢༥ དང་། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་དགུང་གྲངས་༣༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་ནས་འགོ་འཛུགས་ཞུས་ཡོད་པ་དང་། ཁ་སང་རྡ་རམ་ས་ལའི་མེག་ལོར་སུམ་མདོ་རུ་བོད་ཀྱི་རྣམས་ཀྱི་ཕེབས་བསུ་དང་བཅས་འབྱོར་སོང་།

ཟླ་འདིའི་ཕྱི་ཚེས་༢༥ ཉིན་རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་སུམ་མདོ་རུ་བོད་ཀྱི་རྣམས་ཀྱི་ཕེབས་བསུ་དང་བཅས་འབྱོར་སོང་ལ།
ཁོང་གིས་འདི་ལོའི་ཕྱི་ཟླ་༤ པའི་ཚེས་༢༥ དང་། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་དགུང་གྲངས་༣༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་དང་བསྟུན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་བཙུགས་ཏེ། ཁ་སང་རེས་གཟའ་ཉི་མའི་ཉིན་རྡ་རམ་ས་ལའི་མེག་ལོར་སུམ་མདོ་རུ་འབྱོར་ཞིང་། སྐབས་དེ་དུས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞོན་ནུ་དང་། རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཀྱི་སྐུ་ཚབ་ཚོས་སྣེ་ལེན་ཞུས་སོང་། ཐེངས་འདིའི་ལས་འགུལ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇུག་བསྡུ་རྒྱུ་ཡིན་འདུག་པ་དང་། ལས་འགུལ་འདིའི་དགོས་འདུན་གཙོ་བོ་དོན་ཚན་གསུམ་འདུག་པ་ནི།
༡ རྒྱལ་སྤྱིའི་སྤྱི་ཚོགས་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་གཙོས་ཉེས་མེད་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་ཡོང་རྒྱུའི་འབོད་སྐུལ།
༢ རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་འོག་རྒྱ་དམར་སྲིད་གཞུང་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་སླད་གྲོས་མོལ་གནང་རྒྱུར་ཤུགས་སྣོན་རྒྱག་གནང་བའི་འབོད་སྐུལ།
༣ རང་རིགས་གཞོན་སྐྱེས་གཙོས་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་ནས་ཆིག་སྒྲིལ་ངང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་སྔར་ལྷག་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ་བཅས་ཡིན་འདུག
ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་ལས་འགུལ་ཐེངས་དྲུག་པ་འདི་ཚར་བའི་རྗེས་སུ། རྒྱ་གར་ལྷོ་ཕྱོགས་སེར་འབྲས་དགའ་གསུམ་ནས་རྡ་རམ་ས་བར་དུ་ལས་འགུལ་ཐེངས་བདུན་པ་དེ་འགོ་འཛུགས་བྱེད་རྒྱུའི་འཆར་གཞི་ཡོད་འདུག་པ་དང་། དེ་ཡང་འདི་ལོའི་༧གོང་ས་མཆོག་གི་སྐུའི་གོ་སྟོན་དང་སྟབས་བསྟུན་ནས་འགོ་འཛུགས་བྱེད་རྒྱུ་ཡིན་པར་རྗོད་ཀྱི་འདུག
ཁོང་གིས་འདི་གའི་གསར་འགོད་པར་ལས་འགུལ་དང་འབྲེལ་ཏེ་གསུངས་དོན། ཕྱི་ལོ་༢༠༢༢ ཟླ་བ་༡༡ ནང་མི་ཡུལ་ག་ཚོད་སྐྱིད་ཀྱང་། རང་ཡུལ་ནམ་ཡང་མ་བརྗེད་ཅེས་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་འགོ་བཙུགས་ཤིང་། སྐབས་དེ་དུས་བཙན་བྱོལ་སྤྱི་ཚོགས་ནང་གི་གྲོས་ཚོགས་དང་མི་མང་གཉིས་ཀའི་ཁྲོད་དུ་ཁྱོད་དང་ང་། ང་དང་ཁྱོད་ཟེར་ནས་འཁྲུག་པོ་འདྲ་པོ་ཆགས་སོང་བས། ང་རང་གིས་བོད་མིའི་ནང་ཁུལ་འཁྱམ་མཐུན་ཡོང་ཐབས་ཆེད་དང་། ན་གཞོན་ཚོ་ལ་མིག་དཔེ་སྟོན་ཐབས་ཀྱི་ཆེད་དུ་རྡ་ས་ནས་གནས་མཆོག་རྡོ་རྗེ་གདན་བར་དུ་རྐང་འཁོར་སྐོར་བསྐྱོད་བྱས་པ་ཡིན། དེའི་རྗེས་སུ་ཕྱི་ལོ་༢༠༢༣ ཟླ་བ་༣ པའི་གྲོས་ཚོགས་ཚོགས་འདུ་དེ་ཡག་པོ་ཞིག་ཡོང་ཐབས་དང་། མ་འོངས་པར་བོད་མི་ས་ཡ་དྲུག་གི་བདེ་དོན་ཆེད་དུ་སྤྱི་འཐུས་རྣམ་པ་ཚོའི་ཕྱག་ལས་ཡག་པོ་ཞིག་ཡོང་རྒྱུའི་སྨོན་ལམ་བཏབ་པ་ཡིན་ཞེས་གསུངས་སོང་།
ད་བར་ཁོང་གིས་བོད་དོན་གྱི་ཆེད་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཐེངས་ལྔ་སྤེལ་ཟིན་ཡོད་པ་དང་། ཐེངས་དྲུག་པ་དེ་ད་ལྟ་སྤེལ་བཞིན་འདུག ཐེངས་འདིའི་ལས་འགུལ་སྐབས་སུ་རྒྱ་གར་ཡུལ་མི་ཚོས་ཁོང་ལ་ཧ་ཅང་རོགས་རམ་ཡག་པོ་གནང་ཡོད་པ་དང་། དེ་བཞིན་བོད་མི་ཚོས་ཀྱང་ཁོང་ལ་ཇ་དང་ཁ་ལག་སོགས་ཀྱི་རོགས་རམ་མང་པོ་གནང་ཡོད་འདུག་པས། ཁོང་གི་སེམས་ཤུགས་ཆེན་པོ་འཕར་ཡོད་པར་གསུངས་སོང་ལ། ཡང་སྐབས་རེར་བོད་པ་འགའ་ཤས་ཀྱིས་མཐོང་ཡང་མ་མཐོང་མདོག་མདོག་དང་། སྣང་མེད་དུ་གཏོང་དུས་སེམས་པ་སྐྱོ་བའི་གནས་ཚུལ་ཡང་བྱུང་བར་གསུངས་སོང་།
གསར་འགོད་པ། བསོད་ནམས་ཕུན་ཚོགས།