མེག་ལོར་གྷན་ཇི་ལ་ཡོད་པའི་སྦྲག་ཁང་དེ་རྒྱ་གར་གྱི་སྦྲག་ཁང་ཚང་མའི་ནང་ནས་ཡོང་འབབ་ཆེ་ཤོས་སུ་གྱུར་འདུག
ཟླ་འདིའི་ཚེས་༢༦ ་ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། མེག་ལོ་གྷན་ཇི་ལ་ཡོད་པའི་རྒྱ་གར་གྱི་སྦྲག་ཁང་གིས་རྒྱ་གར་རྒྱལ་ཡོངས་ཀྱི་སྦྲག་ཁང་ཚང་མའི་ནང་ནས་ཡོང་འབབ་མང་ཤོས་དེ་བསགས་ཡོད་འདུག
རྡ་སའི་མེག་ལོ་གྷན་ཇི་ལ་ཡོད་པའི་སྦྲག་ཁང་གིས་ཕྱི་ལོ་༢༠༢༣ ནས་༢༠༢༤ བཅས་ལོ་ངོ་གཅིག་གི་རིང་། ཨ་རི་དང་ཁེ་ན་ཌ། རྒྱ་ནག་དང་ཉི་ཧོང་སོགས་རྒྱལ་ཁབ་བརྒྱ་ལ་ཐུམ་སྦྲག་(Parcel) ་༣༠༢༤ བཏང་ནས་ཧིན་སྒོར་བྱེ་བ་༡.༡༥་དང་མྱུར་སྦྲག་(Speed Post) ་༤༣༠༦ བཏང་ནས་ཧིན་སྒོར་འབུམ་༦༦.༧ ་བསགས་པ་བཅས་ཁྱོན་བསྡོམས་ཐུམ་སྦྲག ༧༣༣༠ ་ཙམ་བཏང་ནས་ཧིན་སྒོར་བྱེ་བ་༡.༨༡ ་བསགས་ཏེ་རྒྱ་གར་རྒྱལ་ཡོངས་སུ་སྦྲག་ཁང་འབུམ་གཅིག་དང་ཁྲི་ལྔ་ལྷག་ཡོད་པའི་ནང་ནས་ཡོང་འབབ་མང་ཤོས་གསོག་མཁན་དུ་གྱུར་ཡོད་འདུག
མེག་ལོ་གྷན་ཇི་ལ་ཡོད་པའི་སྦྲག་ཁང་དེ་ཕྱི་ལོ་༡༩༧༩ ལོ་ནས་ལས་དོན་བྱེད་འགོ་བཙུགས་ཡོད་ཀྱང་ད་བར་ཁང་པ་གླས་ནས་བསྡད་ཡོད་འདུག སྦྲག་ཁང་དེས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དང་ཚོང་ལས་གཉེར་མཁན་ཚོ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཚུལ་བརྗོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།