མོན་སློབ་ཕྲུག་ཚོགས་པས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༡ ཉིན། བྱམས་བརྩེ་ལོའི་སྲུང་བརྩིའི་ཆེད་མོན་ཡུལ་ན་གཞོན་སློབ་ཕྲུག་ཚོགས་པ་ཐུན་མོང་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག

དགའ་ལྡན་ཕོ་བྲང་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སྐབས་དེར་༧གོང་ས་མཆོག་གིས་ངོས་རང་༸རྒྱལ་དབང་གོང་མ་ཚོའི་ཡང་སྲིད་ལ་ངོས་འཛིན་བྱས་ཏེ་ཡོངས་འཛིན་གླིང་རིན་པོ་ཆེས་གཙོ་བོ་གནང་སྟེ་ཡོངས་འཛིན་རྣམ་པའི་མདུན་ནས་དཔེ་ཆ་དགའ་རབ་བལྟས་ཡོད། དུས་ལོག་ཡོང་བའི་སྐབས་སུ་རྐྱེན་ངན་གྲོགས་ལ་ཤར་བ་ལྟ་བུར་ཚུར་རྒྱ་གར་བྱང་རྒྱུད་ཀྱི་ས་ཆར་སླེབས་པ་དང་། འཛམ་གླིང་འདིའི་སྟེང་ས་ཆ་མང་པོ་ཞིག་ལ་ངོས་རང་འབྲེལ་བ་ཡོང་གི་ཡོད་ལ། མི་ཚོས་ཀྱང་ཧ་ཅང་དགའ་བོ་བྱེད་བཞིན་འདུག གང་ལྟར་ངོས་རང་ཕ་ཡུལ་མདོ་སྨད་ནས་སྐྱེས་ཏེ་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ་ཉིན་མཚན་དུས་དྲུག་ཏུ་བསམ་ནས་བསྡད་པ་ཡིན། རྒྱ་གར་ལ་བསྡད་ནས་འགྲོ་དོན་བྱས་ཏེ་དེ་རིང་དུས་ཚོད་ལ་འདིར་བསྡད་པ་དེ་ལྟར་རེད། རིམ་པའི་རྒྱ་གར་རྡོ་རྗེ་གདན་གྱིས་མཚོན་པའི་གནས་ཆེན་ཁག་ལ་འགྲོ་རྒྱུ་དང་། དེ་ཙམ་དུ་མ་ཟད་བོད་དང་རིམ་པའི་རྒྱ་ནག་གི་ནང་པ་ཚོ་ལ་ངོས་ཀྱིས་ཕན་ཐོགས་ཕལ་ཆེར་དགའ་རབ་བྱེད་ཐུབ་པ་རེད་འདུག
ངོས་རང་ལོ་དགའ་རབ་སླེབས་པ་རེད་དེ་གཟུགས་པོ་ཧ་ཅང་བདེ་བོ་འདུག བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུ་དང་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་རྣམས་ལ་ཆོས་ཀྱི་སྙིང་དོན་འགྲེལ་བཤད་རྒྱག་པའི་གོ་སྐབས་ཧ་ཅང་ཡག་པོ་ཡོད་པ་ལྟ་བུ་འདུག ངོས་ཀྱིས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། ནོར་གླིང་ནས་ཐོན་ཁར་སྨོན་ལམ་བརྒྱབ་སྟེ་བསྟན་པ་དང་འགྲོ་བའི་དོན། ལྷག་པར་དུ་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་དོན་དུ་སྨོན་ལམ་བརྒྱབ་ནས་ཐོན་ཡོང་བ་ཡིན། ནོར་གླིང་ནས་ཐོན་ཏེ་གཙང་པོ་བརྒལ་ནས་ཡོང་དུས་སེམས་ཏོག་ཙམ་སྐྱོ་བོ་བྱུང་ཡང་། ཀོ་གྲུ་གཏོང་མཁན་ཚོས་ངོས་ལ་སེམས་གསོ་བཏང་ནས་༸རྒྱལ་བ་རིན་པོ་ཆེ་གནས་སྐབས་རིང་ལྷ་ས་ནས་ཐོན་དགོས་པ་ཆགས་ཀྱི་ཡོད་ཀྱང་། བོད་ཀྱི་བསྟན་སྲིད་དོན་དུ་མཛད་པ་འཕྱུག་པ་ཡོད་པ་མ་རེད་ཅེས་ཧ་ཅང་ཤུགས་ཆེན་པོ་བརྗོད་བྱུང་། སྙིང་རྗེ། དེ་ངོས་ཀྱི་སེམས་ལ་ཟུག་པོ་བྱུང་།
དེ་ལྟར་རིམ་པས་རྒྱ་གར་གྱི་ས་ཁུལ་མང་པོ་ཞིག་ལ་སླེབས་པ་དང་། དེ་ཙམ་དུ་མ་ཟད་པའི་འཛམ་གླིང་གི་ས་ཁུལ་མང་པོར་སླེབས་པ་རེད། གང་ལྟར་ས་གནས་གང་དུ་ཕྱིན་པ་ཡིན་ནའང་ལུས་འདི་དང་འབྲེལ་བའི་བསམ་བློ་ནི་ལྷག་བསམ་རྩེ་གཅིག་པ། དངོས་གནས་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་ཧུར་ཐག་སྒྲུབ་བསམ་པའི་བློ་ཁྱོན་ནས་ཡལ་བ་མེད་པ་དང་། དཀའ་ངལ་འཕྲད་པའི་སྐབས་སུའང་སེམས་ཞུམ་པ་མེད་པར་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། ཧུར་ཐག་བྱས་པའི་ལག་རྗེས་ལ་འཛམ་གླིང་འདིར་ངོས་ཀྱི་མིང་ཡིན་ནའང་རེད། དེ་བཞིན་ངོས་ཀྱིས་སངས་རྒྱས་ཀྱི་ཆོས་འགྲེལ་བཤད་བརྒྱབ་པ་དེ་མང་པོ་ཞིག་གི་སེམས་ལ་ཟུག་པོ་དང་ཕན་པོ་བྱུང་ནས་བསྟན་པ་དང་འགྲོ་བའི་དོན་དུ་གང་ལ་གང་འཚམ་གྱིས་ཕན་ཕོགས་དངོས་གནས་བྱུང་གི་ཡོད་པ་རེད། མུ་མཐུད་དུ་ཧུར་ཐག་བྱེད་ཀྱི་ཡིན། བཀྲ་ཤིས་བདེ་ལེགས། ཞེས་དང་།
ངོས་རང་རྒྱ་བོད་ཀྱི་ས་མཚམས་ཟི་ལིང་ནས་སྐྱེས་ཤིང་། དེ་ནས་ཡར་ལྷ་སར་སླེབས་པ་དང་། དུས་ཀྱི་འགྱུར་བ་རིམ་པར་ཕྱིན་ནས་དེ་རིང་ང་ཚོ་རྒྱ་གར་བྱང་རྒྱུད་དུཡོད་པ་རེད། རྒྱ་གར་ས་ཆ་གང་དུ་ཕྱིན་པ་ཡིན་ནའང་ཡུལ་མི་ཚོས་ཧ་ཅང་དགའ་བོ་བྱེད་བཞིན་འདུག ངོས་རང་ལ་མཚོན་ནའང་ཡུལ་བ་འདྲ་མིན་ཡོད་པ་ཚོས་ཕྱོགས་གཅིག་ནས་ངོས་ལ་དད་པ་རེད། ཡང་དགའ་ཞེན་རེད། དེ་ལྟར་འགྱུར་བ་མེད་པར་ཤུགས་ཆེན་པོ་ཡོད་པ་ཞིག་མངོན་གསལ་དོད་པོ་འདུག དེར་བརྟེན། ངོས་རང་ཞོགས་པ་གཉིད་སད་པ་དང་དད་པ་ཅན་ཚོར་སངས་རྒྱས་པའི་ཆོས་ཀྱི་བྱིན་རླབས་ཡོང་བ་ཤོག་ཅེས་སྨོན་ལམ་རྒྱག་བཞིན་ཡོད།
ངོས་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་དུས་ནམ་ཞིག་གི་ཚེ་ཡང་འགྱུར་བ་མེད་པར་སེམས་ཤུགས་བསྐྱེད་བཞིན་ཡོད། དེ་རིང་འདིར་ཁྱོད་ཚོ་རྒྱ་གར་ཤར་ཕྱོགས་ཀྱི་ས་མཚམས་མོན་ཡུལ་ནས་དད་པས་ཀུན་ནས་བསླངས་ཏེ་ངོས་ལ་ཐུག་པར་དགའ་བོ་བྱས་ཏེ་འཛོམས་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སོགས་བཀའ་སློབ་བསྩལ་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
