ཞི་ཅིན་ཕིང་གིས་ཊོམ་ལ་ཁ་པར་བཏང་ནས་ཐའེ་ཝན་སྐོར་གླེང་།
ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱིས་ཁ་པར་ཐོག་ཐའེ་ཝན་དང་ཡུག་རེན་གྱི་གནད་དོན་སོགས་ཀྱི་ཐོག་ལ་གླེང་སློང་བྱས་ཡོད་པ་མ་ཟད། ཞི་ཅིན་ཕིང་གི་གདན་ཞུ་ལྟར། ལོ་རྗེས་མའི་ཕྱི་ཟླ་༤ པའི་ནང་། ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་ཕེབས་རྒྱུར་ཁས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༥ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་འདིའི་རེས་གཟའ་ཟླ་བའི་ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཊོམ་ལ་ཁ་པར་བཏང་ནས། དུས་ཡུན་ཆུ་ཚོད་གཅིག་ཙམ་གྱི་རིང་། ཚོང་དོན་དང་ཡུག་རེན་གྱི་དམག་འཁྲུག ཨ་རིའི་ཞིང་ལས་ཐོན་རྫས་དང་ཧྥེན་ཊ་ནིལ་(Fentanyl)ཞེས་པའི་དུག་རྫས་ཀྱི་སྐོར། དེ་བཞིན་ཐའེ་ཝན་གྱི་གནད་དོན་ཐོག་ལ་གོ་བསྡུར་བྱས་ཡོད་འདུག
མཇལ་འཕྲད་དེ་ནི་ཉེ་ཆར་ཉི་ཧོང་གི་སྲིད་བློན་གསར་པས་གྲོས་ཚོགས་སུ། གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ། དེ་ནི་ཉི་ཧོང་གི་འཚོ་གནས་ལ་ཉེན་ཁ་བཟོ་བའི་གནས་སྟངས་ཤིག་ལ་བརྩི་རྒྱུ་དང་། ཉི་ཧོང་ནས་དམག་དོན་གྱི་ལན་འདེབས་བྱེད་སྲིད་ཅེས་གསུངས་པ་ནས་བཟུང་། རྒྱ་ནག་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སུ་བྱུང་ཡོད་པ་མ་ཟད། ཨ་རྒྱ་གཉིས་ཀྱི་དབུ་ཁྲིད་བར་ལྷོ་ཀོ་རི་ཡར་ཐུག་འཕྲད་བྱས་ནས་བདུན་ཕྲག་འགའ་ཤས་ཀྱི་རྗེས་སུ་བྱུང་ཡོད་འདུག ཕྱི་ལོ་༢༠༡༩ ནས་བཟུང་ཐེངས་དང་པོ་ལྷོ་ཀོ་རི་ཡར་ཐུག་འཕྲད་བྱེད་པའི་སྐབས། ཕྱོགས་གཉིས་བར་ཚོང་དོན་གྲོས་མཐུན་ཁག་ཅིག་ལ་མོས་མཐུན་བྱུང་ཡོད་ནའང་མཐའ་མའི་གཏན་འབེབས་ད་དུང་ཡང་བྱས་མེད་འདུག
ཁ་པར་བརྒྱུད་བཀའ་མོལ་གནང་རྗེས་ཞི་ཅིན་ཕིང་གིས་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་ཁང་དུ་རྒྱ་ནག་དང་ཨ་རི་གཉིས་ཀྱིས་དུས་སྐབས་ཤིག་ལ་དཔུང་པ་མཉམ་གཤིབས་ཀྱིས་ཕ་ཤི་རིང་ལུགས་(Fascism)ལ་ཁ་གཏད་བཅགས་མྱོང་ཡོད་པར་བརྟེན། ད་ཆ་འཛམ་གླིང་དམག་ཆེན་གཉིས་པའི་གྲུབ་འབྲས་རྣམས་སྲུང་སྐྱོབ་ཆེད་མཉམ་ལས་བྱེད་དགོས་ཞེས་དང་། ཐའེ་ཝན་རྒྱ་ནག་ལ་ཕྱིར་ལོག་བྱ་རྒྱུ་ནི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལུགས་(International order)ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་བརྗོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཁ་པར་ཐོག་བཀའ་མོལ་གནང་རྗེས་སུ། ཁོང་གི་(Truth Social)དྲ་ཐོག་ཏུ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཧ་ཅང་ཆེན་པོ་ཡོད་ཅེས་དང་། ཡུག་རེན་གྱི་དམག་འཁྲུག་དང་ཨ་རིའི་ཞིང་ལས་ཐོན་རྫས། དུག་རྫས་བཅས་ཀྱི་སྐོར་བཀའ་མོལ་གནང་ཡོད་ཅེས་བརྗོད་པ་ལས། རྩོད་གཞི་ཅན་གྱི་ཐའེ་ཝན་གྱི་གནད་དོན་སྐོར་གང་ཡང་བྲིས་མེད་པ་དང་། ཁོས་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ལོ་རྗེས་མའི་ཕྱི་ཟླ་༤ པའི་ནང་རྒྱ་ནག་ལ་འཚམས་འདྲི་འགྲོ་རྒྱུར་དང་ལེན་གནང་ཡོད་པ་མ་ཟད། ཞི་ཅིན་ཕིང་ཨ་རི་ལ་ཡོང་རྒྱུའི་གདན་ཞུ་ཕུལ་ཡོད་ཅེས་བརྗོད་འདུག
ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཀེ་རོ་ལིན་ ལི་ཝིཊ་(Karoline Leavitt)ཀྱིས་གསར་འགོད་པར། ཞི་ཅིན་ཕིང་དང་གནང་བའི་བཀའ་མོལ་དེ་ནི་ཚོང་དོན་གྱི་ཐོག་གཙོ་བོར་དམིགས་ཡོད་པ་དང་། དུས་ཡུན་ཆུ་ཚོད་གཅིག་ཙམ་འགོར་ཡོད་ཅེས་བརྗོད་འདུག
དེ་སྔ་ལྷོ་ཀོ་རི་ཡའི་ནང་ཐུག་འཕྲད་གནང་བའི་རྗེས་སུ། ཕྱོགས་གཉིས་ཀས་གསལ་བསྒྲགས་བྱས་པའི་ནང་། ཐའེ་ཝན་གྱི་སྐོར་གླེང་སློང་བྱས་མེད་པ་མ་ཟད། སྲིད་འཛིན་ཊོམ་གྱིས་སྐབས་དེར་ཐའེ་ཝན་གྱི་སྐོར་བཤད་མེད་ཅེས་བརྗོད། ཐུག་འཕྲད་ཚར་ནས་བདུན་ཕྲག་ཁ་ཤས་ཀྱི་རྗེས། ཨ་རིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་༣༣༠ ཡི་གོ་མཚོན་བཙོང་རྒྱུའི་ཆོག་མཆན་སྤྲད་ཡོད་འདུག ད་ཐེངས་འགོ་ཁྲིད་གཉིས་ཀྱི་ཁ་པར་ཐོག་བཀའ་མོལ་དང་འབྲེལ། རྒྱ་ནག་གིས་སྤེལ་བའི་གསལ་བསྒྲགས་ཀྱི་ནང་། ཐའེ་ཝན་གྱི་གནད་དོན་གཙོ་བོར་བཟུང་ནས་ནན་བཤད་བྱས་ཡོད་འདུག གནད་དོན་དབྱེ་ཞིབ་པ་ཚོས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཚོང་དོན་གྲོས་མོལ་བྱེད་བཞིན་ཡོད་ནའང་། ཕྱོགས་གཞན་ནས་རྒྱ་ནག་གིས་དམར་ཐིག་ཏུ་བརྩི་བཞིན་པའི་ཐའེ་ཝན་ལ་ཨ་རིས་དམག་དོན་རོགས་རམ་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་ཁོང་ཁྲོ་ལངས་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་སྲིད་པ་དང་། ཞི་ཅིན་ཕིང་གིས་ཁ་པར་ནང་ཐའེ་ཝན་གྱིི་སྐོར་ནན་བཤད་བྱེད་དགོས་དོན་ཡང་འདི་ལ་ཐུག་ཡོད་སྲིད་པ་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
