འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་དང་ཡེ་ཤུའི་སྤྱི་ཁྱབ་ལས་ཁུངས་བར་གྱི་གྲོས་མཐུན་ལ་བསྐྱར་ཞིབ་དགོས་པར་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གསར་དུ་བསྐོ་གཞག་བྱས་པའི་ཡེ་ཤུའི་བླ་ཆེན་མཆོག་ལ། ཆོས་དད་རང་དབང་སྲུང་སྐྱོབ་ཆེད་དུ་རྒྱ་གཞུང་དང་ཡེ་ཤུའི་སྤྱི་ཁྱབ་ལས་ཁུངས་བར་གྱི་གྲོས་མཐུན་དེར་བསྐྱར་ཞིབ་གནང་དགོས་པའི་ནན་སྐུལ་ཞུས་ཡོད་པ་མ་ཟད།རྒྱ་གཞུང་གིས་བོད་ཀྱི་བླ་མ་ངོས་འཛིན་བྱེད་ཕྱོགས་ལ་དམ་དྲག་ནན་པོ་བྱས་ཡོད་པར་བརྗོད་འདུག།།

པར། ༼Business Standard༽

ཟླ་འདིའི་ཚེས་༡༣ ཉིིན། ༼Business Standard༽ ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བདུན་འདིའི་རེས་གཟའ་ཟླ་བའི་ཉིན་སྤེལ་བའི་གསལ་བསྒྲགས་ནང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་ཆེད་དུ། གསར་དུ་བསྐོ་གཞག་བྱས་པའི་ཡེ་ཤུའི་བླ་ཆེན་པོབ་༼Pope Leo༽ བཅུ་བཞི་པ་མཆོག་གིས་རྒྱ་གཞུང་དང་ཡེ་ཤུའི་སྤྱི་ཁྱབ་ལས་ཁུངས་བར་གྱི་ཕྱི་ལོ་༢༠༡༨ ལོའི་གྲོས་མཐུན་དེར་འཕྲལ་དུ་བསྐྱར་ཞིབ་གནང་རྒྱུའི་བཀོད་ཁྱབ་གནང་དགོས་པ་དང་། དེ་བཞིན་ཁོང་གིས་རྒྱ་གཞུང་གི་བཀག་རྒྱའི་འོག་ཡོད་པའི་ལྷ་ཁང་དང་ཆོས་དཔོན། དད་ལྡན་མང་ཚོགས་ལ་མནར་གཅོད་གཏོང་མཚམས་འཇོག་དགོས་པའི་ནན་སྐུལ་ཡང་གནང་དགོས་ཞེས་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་སྒྱུར་འོག་རྒྱ་ནག་ནང་གི་ཆོས་ལུགས་ཁག་རྒྱ་ནག་གི་ཁྱད་ཆོས་ཅན་དུ་སྒྱུར་བཞིན་པའི་སྐབས་དེར། ཕྱི་ལོ་༢༠༡༨ ལོར་རྒྱ་གཞུང་དང་ཡེ་ཤུའི་སྤྱི་ཁྱབ་ལས་ཁུངས་༼ཝེ་ཊི་ཀན༽་བར་༼Holy See-China agreement༽ ཞེས་རྒྱ་ནག་ཏུ་ཡེ་ཤུའི་ཆོས་དཔོན་བསྐོ་གཞག་བྱེད་ཕྱོགས་དང་འབྲེལ་བའི་གྲོས་མཐུན་ཞིག་བཞག་ཡོད་འདུག

སྐབས་དེར་གྲོས་མཐུན་དེ་གནས་སྐབས་ཀྱི་གྲོས་མཐུན་ཞིག་ཡིན་རབས་བརྗོད་ཡོད་པ་མ་ཟད། གྲོས་མཐུན་གྱི་ནང་དོན་གཅིག་ཀྱང་ཕྱིར་བསྒྲགས་བྱས་མེད་ན་ཡང་། གྲོས་མཐུན་དེས་རྒྱ་ནག་ནང་ཡེ་ཤུའི་ཆོས་དཔོན་བསྐོ་གཞག་བྱེད་པའི་དབང་ཚད་སུ་ལ་ཡོད་མེད་ཐད་ཀྱི་ལོ་བཅུ་ཕྲག་མང་པོའི་རིང་གི་རྩོད་རྙོག་དེ་མཇུག་བསྒྲིལ་ཡོད་འདུག་ལ། གྲོས་མཐུན་དེའི་འོག་རྒྱ་གཞུང་གིས་མ་འོངས་པའི་ཆོས་དཔོན་རྣམས་ཀྱི་མིང་འདོན་དང་། ཡེ་ཤུའི་བླ་ཆེན་ལ་རྒྱ་གཞུང་གིས་མིང་འདོན་བྱས་པའི་ཆོས་དཔོན་རྣམས་བསྐོ་འདོད་མེད་ན་དགག་བྱའི་དབང་ཚད་ཡོད་པ་རེད་འདུག

ཕྱི་ལོ་༢༠༡༨ གྲོས་མཐུན་དེ་བྱུང་རྗེས། ཕྱོགས་གཉིས་ཀའི་མོས་མཐུན་གྱིས་ཡེ་ཤུའི་ཆོས་དཔོན་༡༠ བསྐོ་གཞག་བྱུང་ཞིང་། དེ་ནི་རྒྱ་ནག་ནང་དུ་ཡེ་ཤུའི་ཆོས་དཔོན་མེད་པའི་ས་ཁུལ་༩༠ ལྷག་ཡོད་པའི་ཁོངས་ནས་གསུམ་ཆ་གཅིག་ཙམ་ལས་ཁྱབ་ཀྱི་མེད་པ་རེད་འདུག

རྒྱ་གཞུང་གིས་གྲོས་མཐུན་ལ་རྩིས་མེད་ཀྱིས་ཕྱི་ལོ་༢༠༢༢ དང་༢༠༢༣ ལོར་རྒྱ་ནག་གི་གྲོང་ཁྱེར་ཧྲང་​ཧའེ་​ནང་རང་གི་འདོད་མོས་ལྟར་ཕྱོགས་གཅིག་གི་ཐོག་ནས་ཡེ་ཤུའི་ཆོས་དཔོན་བསྐོ་གཞག་བྱས་ཡོད་པ་དང་། དམར་ཤོག་ཚོགས་པར་མོས་མཐུན་ཡོད་པའི་ཡེ་ཤུའི་ཆོས་དཔོན་རྣམས་མུ་མཐུད་བསྐོ་གཞག་བྱེད་བཞིན་ཡོད་འདུག ད་བར་ཡེ་ཤུའི་བླ་ཆེན་གྱིས་ཀྱང་ཁོང་ཉིད་ལ་ཡོད་པའི་དགག་བྱའི་དབང་ཚད་གཅིག་ཀྱང་བེད་སྤྱོད་བྱས་མི་འདུག

ཉེ་བའི་ལོ་ཤས་ཀྱི་རིང་། རྒྱ་གཞུང་གིས་ཡེ་ཤུའི་ལྷ་ཁང་བརྒྱ་ཕྲག་མང་པོ་གཏོར་བཤིག་བཏང་ཡོད་པ་དང་། གཞུང་གིས་ངོས་ལེན་མེད་པའི་ལྷ་ཁང་དུ་འདུ་འཛོམས་བྱེད་རྒྱུ་དང་ཡེ་ཤུའི་གསུང་རབ་ཀློག་རྒྱུ་ལ་བཀག་འགོག་བྱས་ཤིང་། གཞུང་གིས་ཆོག་མཆན་མེད་པའི་ཆོས་ལུགས་ཀྱི་དངོས་རྫས་སོགས་གཞུང་བཞེས་བཏང་བ་དང་། ཡེ་ཤུའི་གསུང་རབ་དང་ཆོས་ལུགས་ཀྱི་མཉེས་ཆས་༼App༽ ཁག་བཀག་སྡོམ་བྱས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱ་གཞུང་གི་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་དེས་བོད་ནང་གི་ནང་བསྟན་ཆོས་ལུགས་ལ་དྲག་གནོན་ཤུགས་ཆེན་བྱས་པ་མཚོན་གྱི་ཡོད་པ་བརྗོད་འདུག་ལ།  ལྷག་པར་དུ་ཕྱི་ལོ་༡༩༩༥ ལོ་ནས་བཟུང་། དགུང་ལོ་༦ ལ་ཕེབས་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་གྱིས་གར་སོང་ཆ་མེད་དུ་བཏང་བ་དང་། དེ་བཞིན་མ་འོངས་པའི་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ལ་ཡང་ཚོད་འཛིན་བྱེད་བཞིན་པ་སོགས། རྒྱ་གཞུང་གིས་བོད་ཀྱི་བླ་མ་ངོས་འཛིན་བྱེད་ཕྱོགས་ལ་དམ་དྲག་ནན་པོ་བྱས་ཡོད་པར་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།