འཆི་ལམ་ལས་གསོན་ལམ་འདེམས།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༦༡ གི་ཆེད་བརྗོད།
མི་སུ་ཡིན་ཡང་གསོན་རྒྱུ་ལ་རེ་བ་བརྒྱབ་ནས་གྲ་སྒྲིག་དགོས་པ་ལས། འཆི་རྒྱུ་ལ་རེ་བ་བརྒྱབ་ནས་གྲ་སྒྲིག་དགོས་དོན་གང་ཡང་མེད། རྒྱུན་རིང་ཙམ་གསོན་རྒྱུ་ལ་རེ་བ་བརྒྱབ་ནས་འབད་བརྩོན་བྱས་ན་གྲུབ་འབྲས་ཀྱང་འཐོབ་སྲིད། འཆི་རྒྱུ་ལ་གྲ་སྒྲིག་དམིགས་བསལ་མི་དགོས་པར་འཆི་ངེས་རེད། ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དང། ཆུང་ས་ནས་མི་སྒེར་ཞིག་གི་འཚོ་ཚིས་ཐོག་ནས་ཀྱང་བསམ་བློ་འདི་ལྟ་བུ་ཞིག་མི་གཏོང་ཀ་མེད་རེད། བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་རང་གི་ནུས་ཚོད་དང་བསྟུན་ནས་བོད་རང་བཙན་སླར་གསོའི་ཆེད་འབད་བརྩོན་བྱེད་ཐུབ་པའི་དབང་དུ་བཏང་ན་གྲུབ་འབྲས་ཀྱང་དེ་དང་མཚུངས་པའམ། དེ་དང་ཉེ་བ་ཞིག་སླེབས་ངེས་པ་ལས། རྒྱ་གཞུང་གི་དབང་བསྒྱུར་འོག་སྡོད་རྒྱུ་ཁོ་ནར་བསམ་བློ་བཏང་ན་གྲ་སྒྲིག་གང་ཡང་མི་དགོས་པར། ད་ལྟའི་ཆར་ཡང་བོད་ཡུལ་ཡོངས་རྫོགས་རྒྱ་གཞུང་གི་དབང་བསྒྱུར་འོག་ཡོད་མུས་རེད། ༧གོང་ས་མཆོག་གིས། རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་གྱིས་གསུངས་པ་བཞིན་གྲ་སྒྲིག་ཅིག་དགོས་ངེས་རེད།
༧གོང་ས་མཆོག་གིས་ལྷག་བསམ་རྣམ་དག་གི་ཐོག་ནས་རྒྱ་གཞུང་ལ་དབུ་མའི་ལམ་གྱི་དགོངས་གཞི་བཞིན་གྲོས་འགོ་བཏོན་གནང་ནའང། ཕྱི་ལོ་༡༩༧༤ ནས་༢༠༢༥ བར་མི་ལོ་༥༡ ཙམ་གྱི་རིང། རྒྱ་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་བྱས་མེད། ད་ལྟའི་ཆར་བོད་རྒྱ་ཞི་མོལ་ལམ་བོད་རྒྱའི་འབྲེལ་བའི་ཐོག་རྒྱུས་མངའ་ཆེ་ཤོས་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་གྱིས་ཁ་གསལ་གཏིང་གསལ་གྱིས་རེ་བ་གང་ཡང་མེད་པའི་གནས་ཚུལ་གསུངས་པ་དེ་དོན་དངོས་ཡིན་དགོས་པ་ལས། གཞན་རྒྱུས་མངའ་དང་ཉམས་མྱོང་གང་ཡང་མེད་པར་དགའ་ཕྱོགས་ཙམ་ལ་བརྟེན་ནས་འགྲེལ་བརྗོད་བྱེད་མཁན་དག་ལ་རྒྱུ་མཚན་དང་གནས་ལུགས་དམིགས་བསལ་ཞིག་གང་ཡང་མེད། བོད་རྒྱའི་འབྲེལ་བ་བསྐྱར་མཐུད་བྱུང་བ་ནས་བཟུང་༧གོང་ས་མཆོག་གིས་མི་ལོ་༥༠ ལྷག་གི་རིང་རྒྱ་གཞུང་ལ་མེས་ཚིག་མེར་གཏུག་གིས་འབྲེལ་བ་གནང་ཞིང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ཡང། རྒྱ་གཞུང་གིས་གནས་དུས་ཚོད་རྩིས་ཙམ་ལས་དོན་ཕན་ལྡན་པའི་ཐག་གཅོད་ཅིག་མ་བྱས་པ་རེད།
ད་ལྟའི་ཆར་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་མཁན་ནི་དད་ཞེན་ཡིན་པ་དང། བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་མཁན་ནི་རྒྱལ་ཞེན་ཡིན་པའི་ངོས་འཛིན་དེ་སྤྱི་ཡོངས་ཀྱི་ཆ་ནས་བྱེད་བཞིན་ཡོད་ལ། འགའ་ཞིག་གིས་དབུ་མའི་ལམ་ལ་ཡིད་ཆེས་དང་ཤར་བསྐྱོད་མི་བྱེད་པ་ནི། ༧གོང་ས་མཆོག་ལ་དད་གུས་དང་ཡིད་ཆེས་མེད་པ་ཡིན་ཚུལ་གྱི་འགྲེལ་བརྗོད་བྱེད་མཁན་ཡང་མང་པོ་ཡོད། དེ་མཚུངས་བཞིན་རང་བཙན་སླར་གསོའི་ལངས་ཕྱོགས་དོར་ནས་རྒྱ་གཞུང་གི་དབང་བསྒྱུར་འོག་སྡོད་རྒྱུའི་བསམ་བློ་གཏོང་བ་ནི། དོན་དམ་པའི་རྒྱལ་ཚོང་བ་ཡིན་ཚུལ་གྱི་འགྲེལ་བརྗོད་བྱེད་མཁན་ཡང་མེད་པ་མ་རེད། ཕྱོགས་གཉིས་ཀའི་ལངས་ཕྱོགས་དང་དེའི་རྒྱབ་ལྗོངས་ཀྱི་བསམ་བློའི་འབྱུང་རྩ་དད་ཞེན་དང་རྒྱལ་ཞེན་གཞི་རྩར་བཞག་ནས་བལྟས་ན་འབྲེལ་བ་གང་ཡང་མེད་ཅེས་བརྗོད་དཀའ་ནའང། དོན་དངོས་སུ་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་དང་ངོས་འཛིན་བྱེད་སྟངས་མི་འདྲ་བས་མཐའ་གཅིག་ཏུ་དེ་ལྟ་བུ་རེད་ཅེས་སུ་གཅིག་གིས་ཁ་ཚོན་བཅད་ནས་བཤད་དཀའ།
དོན་དངོས་སུ་བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་པ་ནི། མ་འོངས་པའི་བུ་རབས་ཚ་བརྒྱུད་ལ་མདུན་ལམ་དང་རང་དབང་གི་ཁོར་ཡུག་ཅིག་འཐོབ་ཐུབ་པའི་ཆེད་དུ་རེ་བ་བརྒྱབ་པ་ཞིག་ཡིན་པ་དང། རྒྱ་གཞུང་འོག་ཏུ་བསྡད་ནས་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་རྒྱུ་གང་ཡང་མེད་པའི་ངོས་འཛིན་བྱེད་པ་ནི། ༧གོང་ས་མཆོག་ལ་ཡིད་ཆེས་དང་དད་པ་མེད་པ་ཞིག་གཏན་ནས་མ་ཡིན་པར། རྒྱ་དམར་དྲག་པོའི་གཞུང་དང་རྒྱ་མི་རིགས་ལ་ཡིད་ཆེས་དང་དགའ་ཞེན་མེད་པ་ཞིག་ཏུ་གྱུར་ཡོད། དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་པའང་༧གོང་ས་མཆོག་གིས་ལམ་སྟོན་དང་མ་འོངས་པར་འདི་ལས་ལྷག་པའི་རེ་བ་ཞིག་མ་མཐོང་བ་ཡིན་ངེས་རེད། འོན་ཀྱང་དབུ་རང་དབང་གཉིས་ཀའི་ལངས་ཕྱོགས་འཛིན་མཁན་ནང་རང་ཉིད་སྒེར་གྱི་ཁེ་ཕན་ཁོ་ན་ཙམ་ལས། བོད་ཀྱི་རྩ་དོན་དང་བོད་མི་རིགས་ཀྱི་ཆེད་དུ་བསམ་བློ་རྩ་བ་ནས་མི་གཏོང་མཁན་ཡང་ཡོད་ངེས་ཡིན་པ་མ་ཟད། དགྲ་ཕྱོགས་ནས་བེད་སྤྱོད་འོག་བོད་དོན་འཐབ་རྩོད་ལ་བར་ཆད་བཟོ་མཁན་ཡང་ཡོད་མི་སྲིད་པ་གཏན་ནས་མ་རེད།
མདོར་ན་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་རང་བཙན་སླར་གསོའི་ཁ་ཕྱོགས་སུ་བསྒྱུར་ན། གནས་སྐབས་ཐག་གཅོད་ཐུབ་པའི་རེ་བ་གང་ཡང་མེད་ཀྱང། རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་ཕུགས་སུ་འདི་ལས་ལྷག་པའི་རེ་བ་རྒྱག་ཡུལ་གཞན་གང་ཡང་མེད། རྒྱ་གཞུང་གི་དབང་བསྒྱུར་འོག་སྡོད་རྒྱུའི་བསམ་བློ་ནི་འཆི་ལམ་ཉག་གཅིག་ཏུ་ངོས་འཛིན་བྱེད་དགོས་པ་དང། བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་པ་ནི་གསོན་ཐུབ་པའི་རེ་བ་ཁོ་ནར་ངོས་འཛིན་བྱེད་ཆོག། རྒྱ་གཞུང་ལས་རྣམ་པའི་རྒྱལ་ཐུབ་པའི་ནུས་པ་ཞིག་བོད་ལ་ཡོད་མེད་དེ་བོད་མི་རིགས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ལ་རག་ལས་པ་ཞིག་ལས། མི་འབོར་མང་ཉུང་དང་སྟོབས་ཤུགས་ཆེ་ཆུང་ཁོ་ལ་བརྟེན་ནས་ཐག་གཅོད་བྱེད་དཀའ་བས། བོད་པ་ལ་གྲ་སྒྲིག་དང་འཆར་གཞི་གང་ཡང་མེད་ན། མ་འོངས་པར་རྒྱ་དམར་གཞུང་འཐོར་ཞིག་འགྲོ་བའི་དབང་དུ་བཏང་ཡང། དེ་དུས་བོད་པས་གོ་སྐབས་དམ་འཛིན་གཏན་ནས་བྱེད་མི་ཐུབ་པས། ད་ལྟ་ནས་འཆི་ལམ་ལས་གསོན་ལམ་འདེམས་དགོས་པ་གལ་ཆེ།།