༸གོང་ས་མཆོག་གིས་སྔ་འགྱུར་བྲག་ཐོག་དགོན་གྱི་འདུ་ཁང་གསར་པ་དབུ་འབྱེད།
༸གོང་ས་མཆོག་སྔ་འགྱུར་བྲག་ཐོག་དགོན་དུ་ཆིབས་སྒྱུར་བསྐྱངས་ནས་དགོན་པའི་འདུ་ཁང་གསར་པར་དབུ་འབྱེད་རབ་གནས་དང་། གཏང་རག་གི་ཚོགས་མཆོད་འབུལ་བཞེས་མཛད་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༥ ཉིན་གྱི་སྔ་དྲོར་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་ ༤༠ སར་ཡོད་པའི་སྔ་འགྱུར་བྲག་ཐོག་དགོན་ཆོས་འཁོར་པདྨ་གླིང་དུ་༧གོང་ས་མཆོག་ཞབས་སོར་འཁོད་སྐབས། དགོན་པའི་སློབ་དཔོན་དང་སློབ་དཔོན་ཟུར་པ། ས་གནས་ཀྱི་གནད་ཡོད་མི་སྣ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། སྐབས་དེར་ཐོག་མར་དགེ་འདུན་པ་ཁག་གཅིག་གིས་ཤིས་བརྗོད་གསུང་འདོན་དང་སྦྲགས། ༸གོང་ས་མཆོག་གིས་དགོན་པའི་འདུ་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་རྗེས་འདུ་ཁང་ནང་གནས་གཟིགས་མཛད་རྗེས། སློབ་དཔོན་མཆོག་གིས་མགོན་པོ་གང་ཉིད་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདུ་ཁང་གི་ཕྱི་རོལ་དུ་འདུས་པའི་ས་གནས་ཀྱི་དད་ལྡན་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཤིག་ལ་༸གོང་ས་མཆོག་གིས་ཆོས་འབྲེལ་དང་བཀའ་སློབ་གནང་སྐབས། “སྤྱིར་ཆོས་ལུགས་ཚང་མའི་ནང་དད་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་དད་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཆགས་ཀྱི་ཡོད། ཤེས་རབ་ཀྱི་གྲོགས་དང་བཅས་པ་ཟེར་ན། རྒྱུ་མཚན་བསམ་བློ་བཏང་བའི་ཐོག་ནས་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་བྱེད་རྒྱུ་རེད། དེ་འདྲ་ཡིན་དུས་འཛམ་གླིང་འདིའི་སྟེང་ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་ཡོད། མི་དུང་ཕྱུར་མང་པོོར་ཕན་བཞིན་ཡོད། ཧ་ཅང་ཡག་པོ་རེད། དེའི་ནང་ནས་སངས་རྒྱས་པའི་ཆོས་ལ་བཅོམ་ལྡན་འདས་ཀྱི་བཀའ། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་བོད་ཡིག་ནང་ཡོད། དེ་བཞིན་བོད་ཡིག་ནང་མེད་པའི་བཀའ་འགྱུར་དེ་འདྲ་ཡོད་ས་རེད། དེར་བརྟེན་འཛམ་གླིང་འདིའི་སྟེང་སྟོན་པ་མང་པོ་བྱུང་བའི་ནང་ནས་གནས་ལུགས་འགྲེལ་བཤད་བརྒྱབ་པའི་ཐོག་ནས་དད་པ་དང་ལྷག་བསམ་བསྒྲུབ་རྒྱུ་དེ་རྒྱུ་མཚན་གྱི་ཐོག་ནས་བསྒྲུབ་རྒྱུ་ཡིན་སྟབས། བཅོམ་ལྡན་འདས་ཀྱིས་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་ཞིག་གསུངས་ཡོད་པ་དེའི་འགྲེལ་བ་རྒྱ་གར་མཁས་པ་གཙོ་བོ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་དགོངས་འགྲེལ་བརྩམས་པ་དེར་བསྟན་འགྱུར་ཞེས་པོ་ཏི་ཉིས་བརྒྱ་ལྷག་ཙམ་ཡོད། འཛམ་གླིང་འདིའི་སྟེང་ཆོས་ལུགས་ཚང་མས་མིར་ཕན་གྱི་ཡོད་པས་རྗེས་སུ་ཡི་རང་དང་། ཕྱག་བྱ་བར་འོས་པ་རེད། ཧ་ཅང་ཡག་པོ་རེད།”ཅེས་དང་། ནང་པ་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དང་། མི་སྐྱ་ཕོ་མོ་རྒན་གཞོན་ཚང་མས་སངས་རྒྱས་ཀྱི་གསུང་གཞུང་ཆེན་ཁག་ལ་བློ་ཟུ་བོར་གནས་པའི་ཐོག་ནས་སློབ་སྦྱོང་བྱས་ནས་དེའི་ཐོག་གོ་བསྡུར་དང་བགྲོ་གླེང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་སློབ་ཕྲུག་ཚོར་གནའ་དེང་གི་ཤེས་ཡོན་ཟུང་སྦྲེལ་ཐོག་ཕྱི་དངོས་པོ་ཡར་རྒྱས་ཙམ་མིན་པར་ནང་སེམས་ཀྱི་ཞི་བདེའི་ཐོག་དོ་སྣང་དགོས་གལ་སྐོར་བཀའ་སློབ་བསྩལ།
སྤྱིར་འདུ་ཁང་དེའི་ནང་རྟེན་གཙོ་བོ་གུ་རུ་རིན་པོ་ཆེ་དང་། དེའི་གཡས་སུ་གུ་རུ་རྡོ་རྗེ་གྲོད་ལོད། གཡོན་དུ་གུ་རུ་པདྨ་རྒྱལ་པོ་བཅས་གསུམ་གྱི་སྐུ་བརྙན་ཐོག་རྩེགས་གཅིག་ཙམ་གྱི་མཐོ་ཚད་ཅན་བཞེངས་ཡོད་འདུག གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་བརྙན་དེ་བཞིན་དེ་སྔ་བོད་བསྟན་སྲིད་ཀྱི་ཆེད་དུ་བཞེངས་པ་ཞིག་ཡིན་པ་དང་། ད་ཐེངས་ལ་དྭགས་སུ་༸ཞབས་སོར་འཁོད་རྗེས་བདུན་ཕྲག་གཅིག་གི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལྗགས་བསྙེན་མཛད་ཡོད་པ་རེད།
བྲག་ཐོག་དགོན་པ་དེ་བཞིན་སྔ་འགྱུར་རྙིང་མའི་མ་དགོན་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་གི་ཡན་ལག་དགོན་པ་ཞིག་ཡིན་པ་དང་། དགོན་པའི་དགོན་བདག་ཞིང་གཤེགས་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཡིན་པ་རེད། ད་ལྟའི་ཆར་དགེ་འདུན་པ་ཞལ་གྲངས་ ༢༥ ཙམ་སློབ་གཉེར་གནང་བཞིན་ཡོད་རེད།།
ཆོས་ཉིད་འོད་ཟེར།