འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་འོས་བསྡུའི་སྒྲིག་གཞི་གསར་པ་གསལ་བསྒྲགས་བྱས་འདུག 

མི་མང་གིས་འོས་འདེམས་བྱས་པའི་སྲིད་གཞུང་གི་སྲིད་དབང་བཙན་འཕྲོག་བྱེད་མཁན་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས། ལོ་གཉིས་རྗེས་སུ་འོས་བསྡུའི་སྒྲིག་གཞི་གསར་པ་ཁག་ཅིག་གསལ་བསྒྲགས་བྱས་འདུག་པ་དང་། དེ་ལ་བརྟེན་ནས་སྒྲིག་འཛུགས་དེར་ཁ་གཏད་བྱེད་མཁན་རྣམས་ལ་དྲང་བདེན་ཡོང་རྒྱུ་ཁག་པོ་ཡིན་འདུག 

ཟླ་༡ པོའི་ཚེས་༢༧ ཉིན་འབར་མའི་གཞུང་འབྲེལ་བརྒྱུད་ལམ་ཐོག་ཏུ། དམག་གི་སྒྲིག་འཛུགས་ཀྱིས་ཕྱི་ལོ་༢༠༡༠ ལོར་གཏན་འབེབས་བྱས་པའི་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་བྱས་ཏེ། སྒྲིག་གཞི་གསར་པ་ཁག་ཅིག་གསལ་བསྒྲགས་བྱས་ཡོད་པ་རེད་འདུག 

དེ་ཡང་སྒྲིག་གཞི་ནང་དུ་གལ་ཏེ་འོས་མི་ཞིག་གམ་སྲིད་དོན་ཚོགས་པ་ཞིག ཁྲིམས་འགལ་གྱི་བྱ་སྤྱོད་དང་འཇིགས་སྐུལ་གྱི་བྱ་སྤྱོད་ལ་འཇུག་མཁན་ཡིན་པ་ངོས་འཛིན་བྱས་པའི་གང་ཟག་གམ་སྒྲིག་འཛུགས་དང་འབྲེལ་བ་ཡོད་པ་ཆ་འཇོག་བྱས་ཚེ། འོས་བསྡུའི་ནང་ཞུགས་ཆོག་གི་མེད་པ་རེད་འདུག དེ་བཞིན་གལ་ཏེ་སྲིད་དོན་ཚོགས་པ་ཞིག་འོས་བསྡུ་ནང་འོས་འགྲན་བྱེད་འདོད་ཡོད་ཚེ། སྒྲིག་གཞི་གསར་པ་གསལ་བསྒྲགས་བྱས་ནས་ཟླ་བ་གསུམ་གྱི་ནང་ཚུད་དུ་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད་པ་དང་། ཚོགས་པ་དེར་མ་དངུལ་འབར་མའི་དངུལ་སྒོར་ས་ཡ་༡༠༠ དགོས་ཀྱི་ཡོད་འདུག མ་དངུལ་གྱི་འབོར་དེ་ནི་སྐབས་སྔོན་མའི་སྒྲིག་གཞི་ལས་ལྡབ་བརྒྱ་ཡིས་མང་བ་ཡིན་འདུག དངུལ་འབོར་དེ་འབར་མའི་དཔལ་འབྱོར་དངུལ་ཁང་ནང་དུ་བཅོལ་དགོས་ཀྱི་ཡོད་འདུག 

སྒྲིག་གཞི་གསར་པའི་ནང་དུ་ད་ཡོད་ཀྱི་སྲིད་དོན་ཚོགས་པ་ཚོས་ཀྱང་སྒྲིག་གཞི་གསར་པ་གསལ་བསྒྲགས་བྱས་ནས་ཟླ་བ་གཉིས་ནང་ཚུད་དུ་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན་འདུག དེ་བཞིན་སྲིད་དོན་ཚོགས་པ་ཚོས་སྒྲིག་གཞི་གསར་པ་བརྩི་སྲུང་མ་བྱས་ཚེ་ལོ་གསུམ་རིང་འོས་འགྲན་བྱེད་རྒྱུར་བཀག་སྡོམ་བྱེད་ཆོག་པ་དང་། རྗེས་སུ་གཏན་དུ་བཀག་སྡོམ་ཡང་བྱེད་ཆོག་པ་ཡིན་འདུག དེའི་ཐོག་གལ་ཏེ་འོས་བསྡུའི་ལྷན་ཁང་གིས་སྲིད་དོན་ཚོགས་པ་ཞིག་གི་དེབ་སྐྱེལ་ངོས་ལེན་མ་བྱས་ཚེ། ཚོགས་པ་དེས་ཞུ་གཏུག་བྱེད་ཆོག་གི་མེད་པ་རེད་འདུག་པས། སྒྲིག་གཞི་གསར་པ་དེ་དག་ལ་བལྟས་ན་ད་ལྟའི་ཆར་ལོ་ངོ་༣༠ ལས་མང་བའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་ལྕམ་ཨང་སན་སུ་ཅིའི་སྲིད་དོན་ཚོགས་པ་དེ། འོས་བསྡུར་མཉམ་ཞུགས་བྱེད་རྒྱུའི་ལམ་ཁ་མེད་པ་ལྟ་བུ་ཆགས་ཡོད་འདུག 

དམག་གི་སྒྲིག་འཛུགས་ཀྱིས་འབར་མའི་ནང་འོས་བསྡུ་ཕྱི་ལོ་༢༠༢༣ ལོའི་ཟླ་༢ པ་ནས་༨ བར་གྱི་དུས་ཡུན་ནང་དུ་གོ་སྒྲིག་བྱེད་རྒྱུ་ཁས་ལེན་བྱས་ཡོད་འདུག་ཀྱང་། འོས་བསྡུ་དེ་དྲང་བདེན་ཞིག་བྱུང་ཐབས་མེད་པ་གསལ་པོ་ཆགས་ཡོད་སྐོར་དཔྱད་བརྗོད་པ་ཚོས་སྐྱོན་བརྗོད་བྱེད་བཞིན་འདུག 

ཕྱི་ལོ་༢༠༢༡ ལོའི་ཟླ་༢ པའི་ཚེས་༡ ཉིན་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་འོས་བསྡུ་དྲང་བདེན་བྱུང་མེད་སྐོར་བརྗོད་ནས། མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་ཁྲིད་ཚང་མ་འཛིན་བཟུང་བྱས་ཏེ་སྲིད་དབང་བཙན་འཕྲོག་བྱས་ཡོད་པ་དང་། ཐོག་མར་ལོ་གཅིག་རིང་ཛ་དྲག་གི་བཀའ་རྒྱ་བཏང་ཡོད་ཀྱང་། ཟླ་བ་༦ སོང་རྗེས་སླར་ཡང་ལོ་གཉིས་རིང་དུས་འགྱངས་བྱས་ཡོད་པ་རེད། སྲིད་དབང་བཙན་འཕྲོག་དེར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་དང་དཔལ་འབྱོར་ཉེས་ཆད་བཏང་ཡང་། དོན་ཕན་ལྡན་པའི་གནོན་ཤུགས་སྤྲད་ཐུབ་མེད་ཁར། དམག་གི་སྒྲིག་འཛུགས་ཀྱིས་ངོ་རྒོལ་བ་མི་མང་དཀྱུས་མ་མང་པོ་གསོད་བཞིན་ཡོད་པས། མི་མང་དཀྱུས་མ་མང་པོ་ཞིག་གིས་དྲག་པོའི་གྱེན་ལངས་བྱེད་རྒྱུ་ལས་ལམ་ཁ་གཞན་མེད་པར་ངོས་འཛིན་གྱིས་མཉམ་ཞུགས་བྱེད་བཞིན་འདུག དམག་གི་སྒྲིག་འཛུགས་ཀྱིས་དྲག་གནོན་འོག་ངོ་རྒོལ་བ་དང་དྲག་པོའི་གྱེན་ལངས་པ་མི་མང་སྟོང་ཕྲག་མང་པོ་བསད་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།