འབར་མའི་ནང་འཁྲུག་ལ་བརྟེན་ནས་སྐྱབས་བཅོལ་བ་༥༠༠༠ ཙམ་རྒྱ་གར་ནང་འབྱོར་ཡོད་འདུག

འབར་མའི་རྒྱལ་ཁབ་ནང་དམངས་གཙོ་སྲ་བརྟན་མེད་པའི་རྐྱེན་གྱིས་ནང་འཁྲུག་ཡང་ཡང་འབྱུང་གི་ཡོད་པ་དང་། དམག་མིས་དམངས་གཙོའི་ཁྲོད་ཐེ་གཏོགས་ཤུགས་ཆེན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་འབར་མའི་ས་ཁུལ་མང་པོ་ནས་མི་མང་གིས་དམག་མིའི་སྲིད་གཞུང་ལ་དྲག་པོའི་ཐོག་ནས་ངོ་རྒོལ་བྱས་པར་བརྟེན། དམག་མིའི་སྲིད་གཞུང་གིས་མི་མང་ཐོག་དྲག་པོའི་རྒོལ་རྡུང་བཏང་བའི་རྐྱེན་གྱིས་ད་ཆར་མི་མང་པོ་ཞིག་རྒྱ་གར་བྱང་ཤར་མེ་ཛོ་རོམ་མངའ་སྡེའི་ནང་སྐྱབས་བཅོལ་དུ་ཡོང་དགོས་འབྱུང་བཞིན་ཡོད་འདུག
ཕྱི་ཚེས་༡༥ ཉིན་རྒྱ་གར་གྱི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་འབར་མའི་Chin་ཟེར་བའི་མངའ་སྡེ་དེའི་ནང་འཇབ་དམག་གི་རུ་ཁག་ཅིག་དང་། འབར་མའི་དམག་མིའི་སྲིད་གཞུང་གི་བདེ་སྲུང་དམག་གཉིས་བར་གདོང་ཐུག་ཤོར་ནས། རྒྱ་གར་གྱི་ས་མཚམས་སུ་ཡོད་པའི་འབར་མའི་མི་མང་ཐོག་དམག་མིའི་སྲིད་གཞུང་གིས་དྲག་པོའི་གཏོར་རྒོལ་བཏང་བའི་རྐྱེན་གྱིས་མི་མང་པོ་རྒྱ་གར་གྱི་མེ་ཛོ་རོམ་མངའ་སྡེའི་ནང་སྐྱབས་བཅོལ་དུ་ཡོང་དགོས་འབྱུང་བཞིན་ཡོད་པ་དང་། ད་བར་འབར་མའི་མི་མང་༥༠༠༠ དང་དམག་མི་༣༩ བཅས་རྒྱ་གར་བྱང་ཤར་མེ་ཛོ་རོམ་མངའ་སྡེའི་ནང་འབྱོར་ཡོད་འདུག མེ་ཛོ་རོམ་མངའ་སྡེའི་ནང་ཡོད་པའི་(Zokhawthar)ཟེར་བའི་གྲོང་ཁྱེར་དེ་རྒྱ་གར་དང་འབར་མ་གཉིས་ཀྱི་ས་མཚམས་སུ་ཡོད་འདུག་པར་བརྟེན། འབར་མའི་སྐྱབས་བཅོལ་བ་ཕོན་ཆེན་འབྱོར་བཞིན་ཡོད་འདུག ཕྱི་ཚེས་༡༣ ཉིན་འབར་མ་ནས་འབྱོར་བའི་སྐྱབས་བཅོལ་བའི་ཁྲོད་མི་གཅིག་རྨས་སྐྱོན་ཕོག་པའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་འདུག་ལ། མི་༢༠ ཙམ་ཞིག་རྨས་མ་ཡིན་འདུག་པས་མེ་ཛོ་རོམ་སྨན་ཁང་ནང་དུ་ཡོད་པ་མངའ་སྡེའི་གཞུང་གིས་བརྗོད་འདུག ཐེངས་འདིའི་འབར་མའི་དམག་མིའི་སྲིད་གཞུང་གིས་དྲག་གནོན་བྱེད་ས་གཙོ་བོ་ས་ཁུལ་(Rikhawdar)ཡིན་པ་དང་། ས་ཁུལ་དེའི་ནང་འབར་མའི་དམག་མི་ལ་འཇབ་དམག་རྒྱག་མཁན་དུ་མ་ཡོད་པར་བརྟེན། དམག་མིའི་སྲིད་གཞུང་གིས་འཇབ་དམག་ལ་རྒོལ་རྡུང་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་། ད་ཆར་འབར་མའི་ནང་ཕྱོགས་མང་པོ་ཞིག་ནས་མི་མང་དང་བླང་དམག་མི་ཡིས་དམག་མིའི་སྲིད་གཞུང་ལ་ཁ་གཏད་དང་དྲག་པོའི་ཐོག་ནས་ངོ་རྒོལ་བྱེད་མཁན་མང་དུ་ཕྱིན་ནས། དམག་མིའི་སྲིད་གཞུང་ལ་ཁ་གཏད་གཅོག་མཁན་གྱི་འཇབ་དམག་རུ་ཁག་ནུས་པ་ཅན་མང་པོ་ཐོན་བཞིན་ཡོད་འདུག རྒྱ་གར་གྱི་མངའ་སྡེ་མེ་ཛོ་རོམ་ནང་ཕྱི་ལོ་༢༠༢༡ ནས་ད་བར་འབར་མའི་སྐྱབས་བཅོལ་བ་༣༠༠༠༠ ཙམ་ཡོད་པ་དང་། དེ་བཞིན་དེ་སྔོན་རྒྱ་གར་གྱི་མངའ་སྡེ་མ་ཎི་པུར་ནང་རྩོད་རྙོག་བྱུང་ནས་མི་མང་༡༢༠༠༠ ཙམ་མེ་ཛོ་རོམ་དུ་སྐྱབས་བཅོལ་དུ་ཡོང་ཡོད་པར་བརྟེན། ད་ཆར་མེ་ཛོ་རོམ་མངའ་སྡེའི་ནང་སྐྱབས་བཅོལ་བ་མང་པོ་ཡོད་འདུག འབར་མའི་ནང་གི་ནང་འཁྲུག་དེ་ཛ་དྲག་ཇེ་ཆེར་ཕྱིན་ན། རྒྱ་གར་གྱི་བདེ་འཇགས་དང་ས་ཁུལ་དེ་དག་གི་མི་མང་ཚོ་ལ་ཡང་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག རྒྱུ་མཚན་ནི་རྒྱ་གར་དང་འབར་མ་གཉིས་བར་ཆུ་མཚམས་ཕུད་སྤྱི་ལེ་༡༦༠༠ ཙམ་ས་འདྲེས་ཡོད་པ་དང་། དེ་ཡང་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་དང་ན་གཱ་ལན་ཌི། མ་ཎི་པུར། མེ་ཛོ་རོམ་བཅས་ཡིན་འདུག ས་ཁུལ་དེ་དག་མང་ཆེ་བ་ནགས་ཚལ་སྟུག་པོ་ཡིན་པའི་རྐྱེན་གྱིས་བདེ་འཇགས་ལ་ཉེན་ཁ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
