འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལ་གངས་སེང་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་ཕུལ་འདུག།

ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༢༥ ཉིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་འབུམ་རམས་པ་སོ་པི་རི་ཌར་ཌི་སོན་(Dr.Sophie Richardson)གཉིས་ལ་གངས་སེང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་གཟེངས་རྟགས་ཕུལ་འདུག

པར། Monlam AI

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དགེ་བཤེས་བློ་བཟང་སྨོན་ལམ་གྱིས་ལོ་མང་རིང་བོད་ཀྱི་བརྡ་འཕྲིན་འཕྲུལ་རིག་དང་འབྲེལ་བའི་ཕྱག་ལས་འབུར་དུ་ཐོན་པ་གནང་བ་དང་། ཁྱད་པར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དར་སྤེལ་ཆེད་གྲུབ་འབྲས་ལྡན་པའི་ལས་གཞི་སྣ་ཚོགས་བརྩམས་དང་རྩོམ་བཞིན་པར་ཆེ་བསྟོད་ངོས་འཛིན་དུ་ཕུལ་བ་ཞིག་ཡིན་འདུག
གཟེངས་རྟགས་འབུལ་བཞེས་མཛད་སྒོ་དེ་ཡུ་རོབ་ཀྱི་རྒྱལ་ཁབ་འཇར་མན་ཀྱི་གྲོང་ཁྱེར་བྷར་ལིན་དུ་ཚོགས་ཡོད་པ་དང་། སྐབས་དེའི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་འཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀལ་ཆེལ་བྷེ་རེན་ཌི་(Michael Brand)དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅར་ཌི་གྷིར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ། གཞན་ཡང་བྲག་གཡབ་སྐྱབས་མགོན་རིན་པོ་ཆེ་དང་། སྤྲུལ་སྐུ་ཐོས་བསམ་རིན་པོ་ཆེ། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་དང་། ཡུལ་དེར་གནས་སྡོད་བོད་མི་དང་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ཅིག་ཁྱོན་མི་གྲངས་༡༥༠ ཙམ་མཉམ་ཞུགས་གནང་ཡོད་འདུག
སྐབས་དེར་གྲོས་ཚོགས་འཐུས་མི་མི་ཀལ་ཆེལ་བྷེ་རེན་ཌི་མཆོག་གིས་བོད་ནི་བོད་ཁོ་ནའི་སྐོར་ཙམ་མ་ཡིན་པ་འཛམ་གླིང་ཁྱོན་ཡོངས་ཀྱི་ཤེས་རིག་གི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད་པ་དང་། འཛམ་གླིང་གིས་བོད་བརྗེད་མི་རུང་བ་མ་ཟད། འཛམ་གླིང་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེ་དགོས་པ། ལྷག་པར་དུ་ཁོང་གིས་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་རྒྱུའི་རེ་འདུན་འདོན་རྒྱུ་ལ་ཡིད་ཐང་ཆད་རྒྱུ་མིན་པ་སོགས་ཀྱི་གསུང་བཤད་གནང་ཡོད་འདུག
རྩ་བའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་དང་བོད། ལྷོ་སོག་དང་ཤར་ཏུར་ཀི་སི་ཐན། ཐའེ་ཝན་དང་ཧོང་ཀོང་བཅས་དང་འབྲེལ་བའི་སྲིད་དོན་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཁྱབ་ཁོངས་ནང་དམིགས་བསལ་གྱི་གྲུབ་འབྲས་ཐོན་པར་ངོས་འཛིན་གྱིས་གངས་སེང་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་ཞེས་འབུལ་བཞིན་ཡོད་འདུག
བྱ་དགའ་ཐོབ་མཁན་མི་སྒེར་དང་ཚོགས་པ་ཁག་ནི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཆེད་དུ་ལངས་མཁན་དང་། ཡང་ན་ཉེན་ཁའི་ནང་ལྷུང་བའི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་སོགས་ཡིན་འདུག བྱ་དགའ་དེ་ཕྱི་ལོ་༢༠༢༢ ནས་གནང་འགོ་བཙུགས་ཞིང་། ན་ནིང་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ངེས་སྟོན་པ་བཀྲས་མཐོང་ལྷ་སྒྲོན་དང་ཧོང་ཀོང་རང་དབང་མཐུན་ཚོགས་(Freedom for Hong Kong)གཉིས་ལ་སྤྲད་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།